བོད་ནང་༧རྒྱལ་བ་རིན་པོ་ཆེ་མཆོག་ལས་ཀྱང་ཞི་ཅིང་ཕིང་ལ་དགའ་ཞེན་ཆེ་བ་ཞུ་དགོས་པའི་སྲིད་ཇུས་ལག་བསྟར།

རྒྱ་ནག་གཞུང་གིས་བོད་ནང་༧རྒྱལ་བ་རིན་པོ་ཆེ་མཆོག་ལས་ཀྱང་ཞི་ཅིང་ཕིང་ལ་དགའ་ཞེན་ཆེ་བ་ཞུ་དགོས་པའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་(The Economist)ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་གི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་དང་གཏོང་བཞིན་པའི་ཁྲོད། གཙོ་བོ་བོད་མི་ཚོས་རྣམ་ཀུན་དད་གུས་ཞུ་སའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལས་ཀྱང་ལྷག་པའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་། རྒྱ་ནག་གུང་ཁྲན་ཏང་གི་གཞུང་ལ་དད་གུས་ཆེ་བ་ཞུ་དགོས་པའི་ལམ་སྟོན་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་ལུགས་འཁོད་འདུག
སྤྱི་ལོ་༡༩༥༠ནས་བཟུང་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པ་དང་། དེ་རྗེས་སྤྱི་ལོ་༡༩༥༩ལོར་༧གོང་ས་མཆོག་དང་བོད་མི་མང་པོ་ཞིག་བཙན་བྱོལ་དུ་ཕེབས་པའི་རྗེས་སུ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིའི་སྤྱི་ཚོགས་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པོ་ཞུ་བའི་དད་མོས་ཀྱི་བསམ་བློར་འགྱུར་བ་གཏོང་ཆེད། ༧གོང་ས་མཆོག་ལ་རྒྱལ་ཁབ་ཁ་བྲལ་རིང་ལུགས་པ་དང་། ལོག་སྤྱོད་ཤོག་ཁག་ཅེས་པ་ལ་སོགས་པའི་མིང་སྣ་ཚོགས་བཏགས་ནས་བསམ་བློའི་དབང་བསྒྱུར་ཐབས་བྱས་ཡོད་པ་དང་། ད་ཆ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་། རྒྱ་ནག་གུང་ཁྲན་ཏང་གི་གཞུང་ལ་དད་གུས་ཆེ་བ་ཞུ་དགོས་པའི་ལམ་སྟོན་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དང་། བོད་མིའི་བསམ་བློ་དང་བཅས་བ་རྒྱ་ནག་དམར་པོའི་གཞུང་གི་སྟངས་འཛིན་འོག་དམ་བཟུང་བྱ་ཐབས་བྱེད་བཞིན་པ་རེད།
ད་དུང་གནས་ཚུལ་ནང་། སྤྱི་ལོ་༡༩༥༩ལོར་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་པ་དང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བློ་བཟང་འཕྲིན་ལས་ལྷུན་འགྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་བོད་ནང་བཞུགས་ཡོད་པ་དང་། རྗེས་སུ་པཎ་ཆེན་རིན་པོ་ཆེ་མཆོག་གིས་སྤྱི་ལོ་༡༩༦༠འི་ནང་། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱས་པའི་སྲིད་ཇུས་དེ་ཚོར་སྐྱོན་འཛུགས་ཐེངས་མང་གནང་ཡོད་པ་དང་། སྙན་ཞུ་ཡང་ཕུལ་གནང་བའི་གནས་ཚུལ་བྱུང་ཡོད་པའི་སྐོར་བཀོད་འདུག།
ཕྱོགས་མཚུངས་དེང་སྐབས་རྒྱ་ནག་གཞུང་གིས་ཤིན་ཅང་ཡུ་གུར་མི་རིགས་ཀྱི་ཆོས་དང་རིག་གཞུང་ཐོག་དམ་དྲག་བཀག་སྡོམ་ནན་པོ་བྱས་དང་བྱེད་བཞིན་ཡོད་པ་རེད།
བོད་དང་ཤིན་ཅང་སོགས་ཀྱི་ནང་རང་གི་སྐད་ཡིག་གི་ཚབ་ཏུ་རྒྱ་ནག་གི་སྐད་ཡིག་ཏུ་བསྒྱུར་རྒྱུའི་འབད་བརྩོན་སྒོ་གང་ས་ནས་བྱས་དང་བྱེད་བཞིན་ཡོད་པ་དང་། ལྷག་དོན་དུ་སྤྱི་ལོ་༢༠༡༢ནས་བཟུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་སྲིད་དབང་བཟུང་པ་ནས། བོད་དང་ཤིན་ཅང་སོགས་ཀྱི་ནང་དམ་དྲག་གི་སྲིད་ཇུས་ཤུགས་ཆེར་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་དང་། སྐད་འཕྲིན་དྲ་ལམ་སོགས་དྲྭ་འཕྲིན་དང་ཁ་པར་ནང་༧གོང་ས་མཆོག་གི་སྐུ་པར་སོགས་ཉར་འཇོག་བྱེད་མཁན་ཚོར་དེ་བས་དམ་དྲག་བྱས་བ་དང་འཛིན་བཟུང་བཙོན་འཇུག་གི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པའི་སྐོར་ཡང་འཁོད་འདུག
བོད་གནས་མཁས་དབང་སྐུ་ཞབས་(Robbie Barnett)ལགས་ཀྱིས་ཀྱང་(The Economist)གསར་ཤོག་ལ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་བཀའ་སློབ་ཙམ་ཡང་མཐོང་ཐོས་མེད་པར་བཟོས་ནས། མ་འོངས་པར་༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་བོད་མིའི་སྤྱི་ཚོགས་ཀྱི་ནང་ཚོར་རྒྱུ་མེད་པ་ཞིག་བཟོ་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་གསུངས་འདུག