༧གོང་ས་མཆོག་རྒྱ་ནག་ནང་ཕེབས་རྒྱུའི་ཐུགས་དགོངས་ཡོད་འདུག
2014.08.28
༧གོང་ས་མཆོག་གིས་གོ་སྐབས་བྱུང་ཚེ་རྒྱ་ནག་གི་ནང་པ་ས་ཡ་སུམ་བརྒྱ་ལྷག་ལ་ཞབས་འདེཊ་བསྒྲུབ་ཐུབ་ན་དྲན་བཞིན་ཡོད་པ་གསུངས་འདུག
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚེས་༢༧ཉིན་ཇར་མན་ནེའི་གྲོང་ཁྱེར་Hamburg ནང་ཚུགས་པའི་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་བོད་རྒྱའི་ཚོགས་འདུར་༧ཞབས་སོར་འཁོད་གནང་མཛད་ཏེ་བཀའ་སློབ་སྩལ་བའི་ནང་། རྒྱ་ནག་ནི་རིག་གཞུང་ཕུན་གསུམ་ཚོགས་པོ་དང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། དཔལ་འབྱོར་གྱི་ནུས་པ་ཡོད་པར་བརྟེན་འཕེལ་ཕྱོགས་བཟང་པོ་ཞིག་གིས་ཡག་པོ་ཞིག་བསྐྱོད་ཐུབ་ན་ཏན་ཏན་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོང་གི་རེད་ཅེས་དགོངས་པར་འཁོར་གནང་གི་ཡོད་པ་དང་། དེ་བཞིན་རྒྱ་ནག་མི་དམངས་དུང་ཕྱུར་བཅུ་གསུམ་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོད། དངོས་ཡོད་གནས་ཚུལ་ཤེས་ན། བཟང་ངན་རྣམ་པར་འབྱེད་རྒྱུའི་རྣམ་སྤྱོད་ལྡན་ཡོད། དེར་བརྟེན་ཕྱི་གསལ་ནང་གསལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་དང་། ལྷག་པར་གསར་འགྱུར་ཐོག་དམ་དྲག་བྱེད་རྒྱུ་དེ་རྩ་བ་ནས་ཡག་པོ་མ་རེད། དེས་ཕན་རྒྱུའི་ཚབ་ལ་གནོད་ཀྱི་རེད། གལ་ཆེ་ཤོས་ཤིག་ལ་རྒྱ་ནག་གི་ཁྲིམས་རྒྱལ་སྤྱིའི་ཁྲིམས་གྱི་གནས་སྟངས་ལྟར་ཡོང་ཐུབ་པ་བྱེད་དགོས་ཅེས་བཀའ་སློབ་སྩལ་ཡོད་པ་དང་། ད་དུང་ཚོགས་བཅར་པ་ཁག་ཅིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་ཕེབས་འདོད་ཡོད་མེད་སོགས་བཀའ་འདྲི་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ངོས་རང་ནང་པ་ཞིག་རེད། རྒྱ་ནག་རི་བོ་རྩེ་ལྔ་ང་ཚོ་ནང་པའི་གནས་རྩ་ཆེན་ཞིག་ལ་བརྩི་བཞིན་ཡོད་པས་ དེ་གར་གནས་སྐོར་ལ་བསྐྱོད་རྒྱུར་ཕྱི་ལོ་༡༩༥༤ལོར་རེ་འདུན་བཏོན་གནང་ཀྱང་དོན་འབྲས་མ་སོན་པ་དང་། ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཞེ་ཅིན་ཕེན་གྱིས་རྒྱ་ནག་གི་རིག་གཞུང་ནང་དུ་ནང་ཆོས་གལ་ཆེ་ཡིན་སྐོར་ཡོངས་གྲགས་གསུངས་ཀྱི་འདུག དེ་ལྟ་བུའི་གོ་སྐབས་ཤིག་ཡོད་ན་ ངོས་རང་ནང་པ་ཞིག་གི་ངོས་ནས་རྒྱ་ནག་ནང་གི་ནང་པ་ས་ཡ་སུམ་བརྒྱ་བཞི་རྒྱ་ཡོད་པ་ཚོར་གང་ཐུབ་ཀྱི་ཞབས་འདེགས་བསྒྲུབ་ཐུབ་ན་བསམ་པའི་ཐུགས་འདོད་ཡོད་པ་བཀའ་ལན་སྩལ་འདུག དེ་ཡང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་Germany ནང་གི་མཛད་རིམ་ཁག་ལེགས་པར་སྒྲུབ་གནང་མཛད་ཏེ་དེ་རིང་ཕྱི་ཚེས་༢༨ཉིན་བཞུགས་སྒར་དུ་༧ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད།
གསར་འགོད་པ་འཆི་མེད།