༸གོང་ས་མཆོག་གིས། སེམས་ལ་ཞི་བདེ་བྱུང་ན་བདེ་སྐྱིད་ངོ་མ་དེ་ཡོང། ཞེས་བཀའ་སྩལ་བ།

2023.08.18
༸གོང་ས་མཆོག་གིས། སེམས་ལ་ཞི་བདེ་བྱུང་ན་བདེ་སྐྱིད་ངོ་མ་དེ་ཡོང། ཞེས་བཀའ་སྩལ་བ། ༸གོང་ས་མཆོག་ལ་དྭགས་གཤམ་མཁར་རྩེ་རུ་ཆིབས་སྒྱུར་བསྐྱངས་པའི་སྐབས། ༢༠༢༣།༠༨།༡༨ ཉིན།
OHHDL

ཕྱི་ལོ་ ༢༠༢༣ ཟླ་བ་ ༨ ཚེས་ ༡༨ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་ཐད་འཕུར་གནམ་གྲུ་བརྒྱུད་ལ་དྭགས་གཤམ་མཁར་རྩེར་༸ཞབས་སོར་བདེ་བར་འཁོད་སྐབས། ས་གནས་ཀྱི་དད་ལྡན་མང་ཚོགས་ནས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་ཅིང་། ཕེབས་སྟོན་མཛད་སྒོའི་སྐབས། ༸གོང་ས་མཆོག་གིས། བདེ་སྐྱིད་ཟེར་བ་དེ་ཕྱིའི་དཔལ་འབྱོར་དང་། གཏམ་སྙན་གྲགས་ཀྱིས་ཆ་རྐྱེན་ཙམ་བསྐྲུན་ཐུབ་ཀྱང་། གཙོ་བོར་སོ་སོའི་སེམས་ལ་ཞི་བདེ་བྱུང་ན་བདེ་སྐྱིད་ངོ་མ་དེ་ཡོང་གི་ཡོད་པ་དང་། གལ་ཆེ་ཤོས་དེ་སེམས་ཞི་བདེ་བཟོ་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་རེད། ཅེས་དང་། ང་ཚོ་ཚང་མའི་མི་ཚེ་དེ་བརྩེ་བའི་ཐོག་ནས་འགོ་བཙུགས་ཡོད་སྟབས། མི་ཚེ་ཧྲིལ་པོར་བརྩེ་བ་སེམས་ལ་བཞག་ནས་བརྩེ་བའི་ཚོར་བ་དང་མཉམ་དུ་འགྲོ་ཐུབ་པ་བྱ་རྒྱུ་དེ་གལ་ཆེན་ཡིན། ཞེས་དང་། མ་འོངས་སོ་སོ་འཆི་བའི་སྐབས་སུ་ཡིནའང་། སོ་སོའི་ཉེ་འཁོར་དུ་བརྩེ་བ་ཡོད་པ་མི་ཚོས་མཐའ་བསྐོར་བའི་ཁོར་ཡུག་ཅིག་བསྐྲུན་ནས་གྲོངས་པ་ཡིན་ན། སེམས་ལ་ཞི་བདེ་ཡོང་ངེས་ཡིན་ཞེས་བཀའ་སྩལ་སོང་།

ཡང་༸གོང་ས་མཆོག་གིས་གཤམ་མཁར་རྩེར་ཕེབས་པའི་དགེ་འདུན་པ་རྣམས་ལ་སྩལ་བའི་བཀའ་སློབ་ནང་། དགྲ་བཅོམ་པ་ས་ག་ལྷས་བརྩམས་པའི་འདུལ་བའི་ཚིགས་ལེའུར་བྱས་པ་ལས། ངུར་སྨྲིག་གྱོན་ཙམ་གྱིས་ཆོག་པའི། །བསམ་པ་ནམ་ཡང་མི་བྱའོ། །ཞེས་པ་ལུང་འདྲེན་གྱིས། ཕྱི་ལ་ངུར་སྨྲིག་གྱོན་པ་ཙམ་གྱིས་ཆོག་ཤེས་བྱས་ནས་བསྡད་རྒྱུ་མེད། ཅེས་དང་། གཙོ་བོར་ནང་སེམས་ལ་ཚུལ་ཁྲིམས་ཀྱི་བསླབ་པ་གཞིར་བཞག་ཐོག་ཏིང་ངེ་འཛིན་བསླབ་པ་དང་། ཤེས་རབ་ཀྱི་བསླབ་པ་དེ་དག་ལོ་དང་ཟླ་བ་འབྲེལ་ནས་བསམ་བློ་བཏང་ནས་སྟོན་པའི་རྗེས་འབྲང་རྣལ་མ་ཞིག་ཡོང་བ་བྱ་རྒྱུར་ཚང་མས་འབད་བརྩོན་གནང་རོགས་ཞེས་བཀའ་སྩལ་སོང་།

ཐེངས་འདིའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་གཤམ་མཁར་རྩེར་བཀའ་ཆོས་བཀའ་དྲིན་བསྐྱང་རྒྱུ་དེ་ནི་ཐོག་མ་དེ་ཆགས་ཀྱི་ཡོད་སྟབས། ས་གནས་དད་ལྡན་མང་ཚོགས་རྣམས་དགའ་ཚོར་ཆེན་པོ་གནང་བཞིན་ཡོད་པའི་ཁྲོད་ཚེ་དབང་སྒྲོལ་མ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེ་རིང་༸གོང་ས་མཆོག་འདིར་ཆིབས་སྒྱུར་བསྐྱངས་པ་དང་འབྲེལ་ཐང་འདིར་༸རྒྱལ་བའི་ཕོ་བྲང་གསར་བཞེངས་གྲུབ་པར་དགའ་ཚོར་ཆེན་པོ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།

Dalai-Lama-at-Khalsi-Ladakh-OHHDL.jpg
དེ་བཞིན་ཚེ་དབང་ནོར་བུ་ལགས་ཀྱིས། ༸གོང་ས་མཆོག་འདིར་ཆིབས་སྒྱུར་བསྐྱངས་པ་དེ་ནི། ས་གནས་མི་མང་གིས་ཚེ་རབས་ནས་ཚེ་རབས་བར་བསགས་པའི་བསོད་ནམས་ཡིན་པ་དང་། མ་འོངས་སླར་ཡང་ཆིབས་སྒྱུར་བསྐྱང་རྒྱུའི་སྨོན་འདུན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ཚེ་རིང་རྡོ་རྗེ་ལགས་ཀྱིས་གསུངས་ན། ༸གོང་ས་མཆོག་ལ་དྭགས་ལ་བཞུགས་པ་དེས་སེམས་སྐྱིད་པོ་ཡོང་གི་འདུག དེ་རིང་སྐུ་དངོས་སུ་མཇལ་བ་དེས། སོ་སོའི་མགོ་ལ་གསེར་བཞག་པ་ལས་ཀྱང་༸གོང་ས་མཆོག་མཇལ་བ་དེས་སེམས་སྐྱིད་པ་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

གཞི་རྩའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གཤམ་མཁར་རྩེར་ཞབས་སོར་འཁོད་པ་དེ་ནི་ཐེངས་གཉིས་པ་དེ་ཡིན་པ་དང་། ཕྱི་ཚེས་ ༡༩ ཉིན་ས་གནས་ཀྱི་དད་ལྡན་མང་ཚོགས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བཀའ་དྲིན་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན། ཡེ་ཤེས་ཟླ་བ། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎