༸གོང་ས་མཆོག་ལ་དྭགས་གླེའི་ཇོ་ཁང་དུ་གནས་གཟིགས་མཛད་པ།
ཕྱི་ལོ་ ༢༠༢༣ ཟླ་བ་ ༧ ཚེས་ ༡༤ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་གླེའི་ཇོ་བོའི་གཙུག་ལག་ཁང་དུ་གནས་གཟིགས་ཆིབས་སྒྱུར་བསྐྱངས་ཡོད་ཅིང་། སྐབས་དེར་༸གོང་ས་མཆོག་གིས་འཛམ་གླིང་འདིའི་སྟེང་ཆོས་བརྒྱུད་སོ་སོའི་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་། ཚང་མས་སེམས་པ་བཟང་པོ་བྱ་རྒྱུ་དང་། མི་ལ་ཕན་སེམས་བྱ་རྒྱུ། དེ་བཞིན་སུ་ཞིག་ལ་གནོད་པ་མི་བྱ་རྒྱུའི་བསླབ་བྱ་གཅིག་གྱུར་ཡིན་ཞེས་དང་། འཛམ་གླིང་འདིའི་སྟེང་ཞི་བདེ་བསྐྲུན་ཆེད་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་དགོས་གལ་ཆེ་བའི་སྐོར་བཀའ་སློབ་སྩལ་བ།
ཡང་༸གོང་ས་མཆོག་གིས། ངོས་ལ་དེ་སྔ་བོད་ནས་ངོ་ཤེས་པའི་ཁ་ཆེའི་གྲོགས་པོ་མང་པོ་ཡོད་ཅེས་དང་། དེ་སྔ་བོད་གཞུང་གིས་ལྷ་སར་ཡོད་པའི་ཁ་ཆེ་བ་རྣམས་ངོས་འཛིན་ཡོད་པའི་ཐོག་བོད་གཞུང་གི་གལ་ཆེའི་མཛད་སྒོའི་སྟེང་ལྷ་སའི་ཁ་ཆེའི་ཚོགས་པ་ཞིག་རྟག་ཏུ་ཐུག་འཕྲད་གནང་གི་ཡོད་སྐོར་བཀའ་སྩལ་སོང་།
དེ་རིང་ལ་དྭགས་གླེའི་ཇོ་ཁང་དུ་ས་གནས་སུ་གནས་སྡོད་བོད་རིགས་ཁ་ཆེ་བ་མང་དག་ཅིག་ཕེབས་ཡོད་པའི་ཁྲོད། ལྷ་སའི་ཁ་ཆེ་ཅོ་ཅོ་ཕ་ཏི་མ་ལགས་ཀྱིས། ༸གོང་ས་མཆོག་གིས་ལྷ་སའི་ཁ་ཆེ་དང་ཕྱི་ནང་ཚང་མར་ཐུགས་མཉེས་པོ་མཛད་པ་དེ་ནི་ང་ལ་མཚོན་ན་ཧ་ཅང་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ལྷ་སའི་ཁ་ཆེ་བ་ཧི་ཨིབ་ར་ཧིམ་ལགས་ཀྱིས། དེ་རིང་༸གོང་ས་མཆོག་མཇལ་རྒྱུ་བྱུང་བ་དེ་ནི་ཧ་ཅང་ཡག་པོ་བྱུང་སོང་ཞེས་དང་། དེ་རིང་མཇལ་ཁའི་སྐབས་ང་རང་བོད་ལ་སླེབས་པའི་ཚོར་བ་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ས་གནས་སུ་ཕྱི་ཟླ་ ༧ པའི་ཚེས་ ༡༡ ཉིན་༸ཞབས་གསོར་བདེ་འཁོད་གྲུབ་པ་ནས་བཟུང་། དེ་རིང་ལ་དྭགས་གླེའི་ཇོ་བོའི་གཙུག་ལག་ཁང་དུ་༸ཞབས་སོར་འཁོད་པ་ནི་ས་གནས་སུ་མི་མང་དང་མཇལ་ཕྲད་ཐོག་མ་དེ་ཆགས་ཀྱི་འདུག
གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།