༧གོང་ས་མཆོག་གིས་ཨ་རིའི་རྒྱལ་ས་ནས་མཛད་འཆར་དབུ་ཚུཊ་གནང་བ།
2016.06.13
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་ནང་བདུན་ཕྲག་གཉིས་ཙམ་གྱི་མཛད་རིམ་ཁག་དེ་རིང་ཕྱི་ཚེས་༡༣་ཉིན་རྒྱལ་ས་ཝ་ཤིན་ཀྲོན་ནས་དབུ་འཛུགས་གནང་ཡོད་པ་རེད།
དེ་ཡང་༧གོང་ས་མཆོག་ཕྱི་ཚེས་༡༢་ཉིན་འདི་ག་ཨ་རིའི་རྒྱལ་སར་ཞབས་སོར་བདེ་བར་འཁོད་སྐབས། ཨ་རིའི་རྒྱལ་ས་གཙོས་ཨ་རིའི་ནང་གི་བོད་མི་དང་ཕྱི་རྒྱལ་གྱི་དད་ལྡན་པ་ཚོས་ཕེབས་བསུ་གཟབ་རྒྱས་གནང་ཡོད་པ་རེད།
དེ་རིང་ཕྱི་ཚེས་༡༣་རེས་གཟའ་ཟླ་བའི་ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རིམ་གཙོ་བོ་གཉིས་ཡོད་ཅིང་། སྔ་དྲོར་ཨ་མི་རི་ཀའི་ན་གཞོན་འགོ་ཁྲིད་ཀྱི་ཞི་བདེ་ཁང་དུ་
དྲག་ལས་མཚམས་འཇོག་བྱེད་རྒྱུར་ན་གཞོན་གྱིས་ཆ་ཤས་ལེན་དགོས་པའི་བརྗོད་གཞིའི་བགྲོ་གླེང་ནང་༧གོང་ས་མཆོག་མཉམ་ཞུགས་གནང་རྒྱུ་དང་། དེ་ནས་ཉིན་རྒྱབ་ལ་ཨ་མི་རི་ཀའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་མཐུན་ཚོགས་ཀྱི་གོ་བསྒྲིགས་ཐོག་ཨ་མི་རི་ཀའི་གཙུག་ལག་སློབ་གྲ་ཆེན་པོའི་ནང་། དེང་རབས་ཀྱི་འཛམ་གླིང་ཐོག་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུ་གལ་གནད་ཆེན་པོ་ཡིན་པའི་བརྗོད་གཞིའི་སྒོ་ནས་མི་མང་རྣམས་ལ་བཀའ་སློབ་གསུང་བཤད་གནང་གི་ཡོད་པ་རེད།
དེ་ནས་ཕྱི་ཚེས་༡༤་ཉིན་ཨ་མི་རི་ཀའི་གྲོས་ཚོགས་ནང་གི་མཛད་རིམ་དང་། ཕྱི་ཚེས་༡༥་ཉིན་ཨ་མི་རི་ཀའི་རྒྱལ་ཡོངས་མང་གཙོ་བསྟི་གནས་ཁང་གིས་གོ་བསྒྲིགས་གནང་བའི་མང་གཙོ་དང་རེ་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆེད་ཕེབས་དང་། སྐབས་དེ་དུས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། རྒྱ་ནག་གི་བཙོན་ཁང་ནང་དུ་འདས་གྲོངས་དུ་ཕྱིན་པ་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གཉིས་ལ་ངོས་འཛིན་གྱི་གཟེངས་རྟགས་འབུལ་རྒྱུ་ཡིན་པ་རེད།
དེ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཁ་ལེ་ཕོན་ནི་ཡ་དང་། ཡུ་ཊ་མངའ་སྡེ་དང་། ཀོ་ལོ་རེ་ཊོ། ཨི་ཊི་ཡ་ན་བཅས་ཀྱི་ནང་དུ་མཛད་རིམ་རིམ་པས་བསྐྱང་གནང་རྒྱུ་ཡིན་
པ་རེད་འདུག།
གསར་འགོད་པ་ཀརྨ་རྡོ་རྗེ།