ལྷོ་ཨཕ་རི་ཀའི་སྲིད་འཛིན་ཟུར་པས་གཞུང་ལ་འབོད་སྐུལ།
2011.09.23
༄༅༎ལྷོ་ཨཧྥ་རི་ཀའི་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་ཆིབས་བསྒྱུར་བསྐྱང་ཐུབ་པའི་ཆེད་ཐོངས་མཆན་འབུལ་དགོས་སྐོར་ཡུལ་དེའི་སྲིད་འཛིན་ཟུར་པ་དང༌ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་་ ཨེཕ་ཌི་ ཌི་ ཀེ་ལརྐ ཡིས་འབོད་སྐུལ་གནང་འདུག
དེ་ཡང་འདི་ལོའི་ཕྱི་ཟླ་བཅུ་པའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཤིན་ཏུ་ཐུགས་ཉེ་པོ་ཡོད་པའི་ལྷོ་ཨཧྥ་རི་ཀའི་ཡེ་ཤུའི་ཆོས་དཔོན་ དེས་མཌ་ ཊུ་ཊུ མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་ཀྱི་ཡོད་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་དང༌། ཡང་རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷིའི་མཚན་ཐོག་ལྷོ་ཨཧྥ་རི་ཀའི་ནང་ཡོད་པའི་སྒྲིག་འཛུགས་ཤིག་གིས། ལོ་ལྟར་ཞི་བདེའི་གཟེངས་བསྟོད་བྱ་དགའ་ཞིག་གནང་སྲོལ་ཡོད་པ་དེ། འདི་ལོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་གཏན་འཁེལ་ཡོད་པ་བཅས་ཀྱི་མཛད་སྒོར་མཉམ་ཞུགས་གནང་རྒྱུའི་ཆེད། རྒྱ་གར་ནང་ཡོད་པའི་ལྷོ་ཨཧྥ་རི་ཀའི་གཞུང་ཚབ་རྒྱུད་ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡུལ་དེར་ཆིབས་བསྒྱུར་བསྐྱང་རྒྱུར་ཐོངས་མཆན་ཞུས་ཏེ། ད་བར་དུས་ཡུན་གང་མཚམས་ཕྱིན་ཡོད་ཀྱང༌། ལྷོ་ཨཧྥ་རི་ཀའི་གཞུང་གིས་ད་བར་༧གོང་ས་ཆེན་པོ་མཆོག་ལ་ཐོངས་མཆན་འབུལ་རྩིས་ཡོད་མིན་གྱི་གསལ་བསྒྲགས་གང་ཡང་བྱས་མེད་པར་སོང༌། འདི་ཚེས་ ༡༦ ཉིན་ཡུལ་དེའི་སྲིད་འཛིན་ཟུར་པ་ ཨེཕ་ཌི་ ཌི་ ཀ་ལརྐ ཡིས་ཡོངས་ཁྱབ་འབོད་སྐུལ་ཞིག་གནང་བའི་ནང༌། ལྷོ་ཨཧྥ་རི་ཀ་གཞུང་གིས་གནད་དོན་གཉིས་ཀྱི་ཐོག་ངེས་པར་ཐག་གཅོད་བྱེད་དགོས་ཀྱི་རེད། ཐག་གཅོད་བྱེད་དགོས་པའི་དོན་གནད་དེ་དག་ནི། རྒྱལ་ཁབ་འདི་རང་དབང་དང་དམངས་གཙོའི་ལམ་ལུགས་ལྡན་པ་ཞིག་ཡིན་མིན་དང༌། རྒྱལ་ཁབ་འདི་ཡིས་ཆོས་ཕྱོགས་ཀྱི་དབུ་འཁྲིད་ཚོར་དོན་དམ་པའི་གུས་བཀུར་ཞུ་གི་ཡོད་མེད་དེ་གཉིས་རེད། གལ་སྲིད་ལྷོ་ཨཧྥ་རི་ཀ་གཞུང་གིས་རང་དབང་ལ་ཡིད་ཆེས་དང༌། ཆོས་ཕྱོགས་ཀྱི་དབུ་འཁྲིད་ལ་གུས་བརྩི་ཡོད་ན། ཏྭ་ལའི་བླ་མ་རྒྱལ་ཁབ་འདིའི་ནང་ཕེབས་འཐུས་ཆོག་པ་བཟོ་དགོས་ཀྱི་རེད་ཅེས་གསུངས་འདུག་པ་དང༌། ཡང་བདུན་ཕྲག་སྔོན་མའི་ནང་ཡེ་ཤུའི་ཆོས་དཔོན་ དེས་མན་ཌ་་ ཊུ་ཊུ ཡིས་ཀྱང༌། གལ་སྲིད་རྒྱ་ནག་གི་གནོན་ཤུགས་འོག་ལྷོ་ཨཧྥ་རི་ཀ་གཞུང་གིས་ཏྭ་ལའི་བླ་མར་ཐོངས་མཆན་མ་ཕུལ་བ་ཡིན་ན། དེ་ནི་རང་གི་རྐང་པར་རང་གི་མེ་མདའ་བརྒྱབ་པ་ལྟབུ་རེད་ཅེས་སྐྱོན་བརྗོད་གནང་ཡོད་པའི་གནས་ཚུལ་ཐོན་འདུག།