ཨ་རིའི་གྲོས་ཚོཊ་ཀྱི་ཕྱི་འབྲེལ་ལས་དོན་ཚན་པའི་ལས་བྱེད་ཁག་ཅིག་གིས་རྡ་རམ་སཱ་ལར་གཟིགས་སྐོར།
2018.10.23

ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ལས་བྱེད་ཁག་ཅིག་རྡ་རམ་ས་ལར་འཚམས་འདྲིའི་གཟིགས་སྐོར་དུ་ཕེབས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་མཇལ་འཕྲད་གནང་འདུག
དེ་ཡང་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་(Senate Foreign Relations Committee Staff)ཞེས་པའི་ལས་བྱེད་ཁག་ཅིག་དང་། ཨ་མི་རི་ཀར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་བུ་ཆུང་ཚེ་རིང་ལགས་བཅས་ཕྱི་ཟླ་ ༡༠ ཚེས་ ༢༢ ཉིན་གྱི་སྔ་དྲོར་བཞུགས་སྒར་རྡ་རམ་ས་ལར་རྒྱལ་བའི་གཟིམ་ཆུང་ནང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་གནང་འདུག
དེ་རྗེས་བཀའ་ཤག་གི་ཡང་སྟེང་དུ་ཐོག་མར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཙོས་བའི་བཀའ་བློན་རྣམ་པར་མཇལ་འཕྲད་གནང་བ་མ་ཟད། དེའི་ཉིན་གྱི་དགོང་ཚིགས་གསོལ་སྟོན་ལྷན་བཞེས་གནང་འདུག
ད་རེས་བཞུགས་སྒར་རྡ་རམ་ས་ལར་བཅར་བའི་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ལས་བྱེད་རྣམས་ནི་(Michael Schiffer) (Damian Murphy) (Sajit Gandhi)བཅས་ཡིན་འདུག
ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནི། ཨ་རིའི་གྲོས་ཚོགས་ཀྱིས་ཕྱི་སྲིད་ཐོག་གི་ཁྲིམས་བཟོའི་ལས་དོན་ཐད་འགན་འཁུར་རྐང་བཞེས་དང་གྲོས་ཚོགས་ནང་ཕྱི་སྲིད་གནད་དོན་ཐད་བགྲོ་གླེང་སྟངས་འཛིན་གནང་མཁན་གྱི་གལ་ཆེའི་ཚོགས་ཆུང་ཞིག་ཆགས་ཀྱི་ཡོད་པ་དང་། ད་ལྟའི་སྐབས་སུ་བཞུགས་སྒར་དུ་ཆེད་བཅར་ཞུས་པའི་ཚོགས་ཆུང་གི་ལས་བྱེད་དེ་དག་གིས་གསར་འགོད་གསལ་བསྒྲགས་སྤེལ་གནང་བ་སོགས་གང་ཡང་བྱུང་མེད་ཀྱང་ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་ནང་ཕར་འགྲོ་ཚུར་ཡོང་གི་ཐོབ་ཐང་འདྲ་མཉམ་དགོས་བའི་(reciprocal Access to Tibet Act)་ཞེས་པའི་གལ་ཆེའི་ཁྲིམས་འཆར་ཞིག་གཏན་འབེབས་གནང་སྟེ་ད་ལྟ་ཁྲིམས་འཆར་དེ་ཨ་རིའི་གྲོས་ཚོགས་གོང་མའི་ནང་སླེབས་ཡོད་པ་རེད་ལ་ད་རེས་བཞུགས་སྒར་དུ་གཟིགས་སྐོར་ཕེབས་པའི་ཕྱི་འབྲེལ་ལས་དོན་ཚན་པའི་ལས་བྱེད་དེ་རྣམས་ཁྲིམས་འཆར་དེ་དང་འབྲེལ་བ་ཡོད་མེད་གང་ཡང་གསུངས་མེད་ཀྱང་རིང་མིན་ཁྲིམས་འཆར་དེ་གཏན་འབེབས་ཀྱིས་ལག་བསྟར་ཡོང་བར་བོད་དོན་རྒྱབ་སྐྱོར་བ་ཚོས་ཐུགས་རེ་ཆེན་པོ་གནང་གི་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།