དཀའ་ངལ་སེལ་རྒྱུར་མི་ཤེས་བའི་རྨོངས་པ་སེལ་གལ་ཆེ།
2016.10.04

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་ཀྱི་ཆོས་སྤྱི་དང་ལྷག་པར་དུ་དཔལ་ན་ལེན་ཌའི་ཆོས་བརྒྱུད་ལ་ངེས་བར་སློབ་སྦྱོང་བྱེད་དགོས་པ་ནན་སྐུལ་མཛད་ཡོད་པ་རེད།
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་གཙོ་བོ་ཐེ་ཝན་ནས་ཆེད་བཅར་དད་ལྡན་པ་དང་། དེ་མིན་བོད་རིགས་དང་ཡུལ་གྲུ་འདྲ་མིན་དྲུག་བཅུ་ལྷག་ནས་བཅར་བའི་ཆོས་ཞུ་བ་སྟོང་ཕྲག་བདུན་ལྷག་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པའི་སྒོ་ནས་ཉིན་གྲངས་བཞིའི་རིང་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཟླ་༡༠་ཚེས་༤་ཆོས་འབྲེལ་ཉིན་གཉིས་པའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་ན་ལེན་ཌའི་སློབ་དཔོན་རྣམ་པས་མ་འོངས་འདུལ་བྱ་རྣམས་ལ་ཕན་ཐོགས་པའི་ཆེད་སངས་རྒྱས་ཀྱི་གསུང་པའི་བཀའ་དེ་དག་རིག་པའི་ལམ་ནས་ཞིབ་འཇུག་དང་གཏན་ལ་ཕབ་གནང་ཡོད་པ་བཞིན། རྗེས་འཇུག་སློབ་མ་ཚོས་ཀྱང་སངས་རྒྱས་ཀྱི་ཆོས་སྤྱི་དང་ལྷག་པར་དུ་དཔལ་ན་ལེན་ཌའི་ཆོས་བརྒྱུད་ལ་རྣམ་དཔྱོད་ཡོངས་རྫོགས་བེད་སྤྱོད་ཀྱིས་ཞིབ་འཇུག་དང་སློབ་སྦྱོང་མཐིལ་ཕྱིན་པ་ཞིག་མ་བྱས་ཚེ། འཕྲོ་བརླག་དུ་འགྲོ་ཉེན་ཡོད་པ་བཀའ་གནང་འདུག།
དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདིའི་ནང་གི་དཀའ་ངལ་ཁག་མི་ཤེས་རྨོངས་པའི་དབང་གིས་བྱུང་བཞིན་ཡོད་སྟབས། མི་ཤེས་པའི་རྨོངས་པ་སེལ་ཐབས་ངེས་པར་བྱ་དགོས་གལ་ཆེ་བའི་སྐོར་ཡང་བཀའ་གནང་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།