༧གོང་ས་མཆོག་བྱམས་བརྩེའི་སྐོར་གྱི་བགྲོ་གླེང་ལ་ཕེབས་རྒྱུ་རེད།
2017.06.19

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་མི་ནི་སོ་ཀྲའི་ནང་བྱམས་བརྩེའི་སྐོར་གྱི་བགྲོ་གླེང་ལྷན་ཚོགས་ཤིག་དང་མང་ཚོགས་ལ་གསུང་བཤད་གནང་རྒྱུའི་མཛད་འཆར་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་༡༣་ཉིན་ཨ་རིར་ཆིབས་བསྒྱུར་གྱིས་མེ་ཡོ་སྨན་ཁང་ནང་སྐུའི་འཕྲོད་བཞེས་བརྟག་དཔྱད་གནང་བ་དང་། དེ་ནས་ཁེ་ལི་ཧྥོར་ནེ་ཡའི་སེན་ཊེཡ་གྷོ་( San Diego)་གཙུག་ལག་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་པའི་དགའ་སྟོན་མཛད་སྒོའི་སྐུ་མགྲོན་དང་། མང་ཚོགས་ལ་གསུང་བཤད་གནང་བ། དེ་ནས་ཚེས་༡༨་ཉིན་ས་གནས་དང་ས་ཕྱོགས་གཞན་ནས་ཆེད་བཅར་ཞུས་པའི་བོད་མི་བདུན་བརྒྱ་ལྷག་ཙམ་ལ་བླང་དོར་གྱི་བཀའ་སློབ་བསྩལ་གནང་བ་སོགས་ཀྱི་མཛད་འཕྲིན་དུ་མ་ཞིག་བསྐྱངས་གནང་མཛད་ཡོད་པ་རེད།
དེ་ལྟར་མཛད་འཆར་གཞིར་བཟུང་ལྟར་ན། འདི་ཚེས་༢༣་ཉིན་སླར་ཡང་མི་ནི་སོ་ཀྲའི་ནང་ཆིབས་བསྒྱུར་གྱིས་གོང་ཚེས་ཉིན་མངའ་སྡེའི་ Eden Praire ཞེས་པའི་ནང་རྟེན་གཞི་བྱེད་པའི་Starkey Hearing Technologies འམ་རྣ་བ་ཡག་པོ་མི་གོ་མཁན་ཚོའི་ཆེད་བརྙན་ཆས་བཟོ་སྐྲུན་ཁང་གི་ཚན་པ་དེའི་སྦྱིན་བདག་སྐུ་ཞབས་ Forest Whitaker མཆོག་ནས་གོ་སྒྲིག་ཞུས་པའི་བྱམས་དང་བརྩེ་བའི་ཚོར་སྣང་སྐྱེས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་གི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག
གོང་ཞུས་བརྙན་ཆས་བཟོ་སྐྲུན་ཚན་པ་དེ་ནི་ཕྱི་ལོ་ ༡༩༦༧ ལོར་བཙུགས་པ་ཞིག་པ་དང་། དེའི་ནང་ལས་མི་ལྔ་སྟོང་ཙམ་ཡོད་འདུག་ལ་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་པ་ཞིག་ཡིན་འདུག
ཚེས་༢༤་ཉིན་མི་ནི་སོ་ཀྲའི་བོད་མིའི་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་དོན་ལྟར་མང་ཚོགས་ལ་གསུང་བཤད་གནང་རྒྱུ་དང་། ཉིན་དེའི་སྔ་ཐོག་བོད་མི་ཚོར་དམིགས་བསལ་འཇམ་དཔལ་དབྱངས་ཀྱི་བསྟོད་པ་གང་བློ་མའི་ལྗགས་ལུང་བཀྲིན་ཆེ་རྒྱུ་བཅས་ཀྱི་མཛད་འཆར་རིམ་པ་ཞིག་ཡོད་པ་དང་། དེ་ནས་ཚེས་༢༥་ཉིན་ཨ་རིའི་ཤར་ཕྱོགས་བྷོ་སུ་ཊོན་ཁུལ་དུ་མཛད་འཆར་ཡོད་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།