༧གོང་ས་མཆོག་གིས་སྔཊ་ཀྱི་བགྲོ་གླེང་ཆེན་མོ་དབུ་འབྱེད་མཛད་འཆར།
2014.11.24
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་རྒྱུད་སྟོད་གྲ་ཚང་ལ་ཚོགས་འཆར་ཡོད་པའི་སྔགས་ཀྱི་བགྲོ་གླེང་ཆེན་མོ་དབུ་འབྱེད་མཛད་འཆར་འདུག
དེ་ཡང་གཟའ་སྤེན་པ་སྟེ་ཕྱི་ཚེས་༢༢་ཉིན་གྱི་སྔ་དྲོར་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་དཔལ་ལྡན་རྒྱུད་སྟོད་གྲ་ཚང་ལ་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོས་འགྲེལ་པ་བཞི་སྦྲགས་ལྗགས་རྩོམ་མཛད་ནས་ལོ་༦༠༠་འཁོར་བའི་རྗེས་དྲན་མཛད་སྒོའི་སྔོན་འགྲོ་དང་སྔགས་ཀྱི་མཁས་པའི་བགྲོ་གླེང་ཐོག་མར་གནང་འཆར་ཡོད་པའི་སྔོན་འགྲོའི་ལྷན་ཚོགས་ཤིག་ཚོགས་འདུག སྐབས་དེར་རྒྱུད་སྟོད་བླ་མ་དབུ་མཛད་ཐུབ་བསྟན་བསྟན་འཛིན་མཆོག་དང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་དགེ་འདུན་པ་ཞལ་གྲངས་༣༠༠་ལྷག་འདུ་འཛོམས་གནང་བའི་ཁྲོད་རྒྱུད་སྟོད་གྲ་ཚང་གི་མཁན་པོ་སེར་བྱེས་ཧར་གདོང་རིན་པོ་མཆོག་ནས་ཟླ་བ་འདིའི་ཚེས་༢༩་ཉིན་དཔལ་ལྡན་རྒྱུད་སྟོད་གྲ་ཚང་ནང་སྔགས་ཀྱི་བགྲོ་གླེང་ཆེན་མོའི་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་བགྲོ་གླེང་དབུ་འབྱེད་མཛད་གཏན་འཁེལ་ཡོད་སྐོར་བཀའ་གནང་འདུག ཡང་སྐབས་དེར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་རིང་མིན་གྲ་ཚང་ནང་སྡགས་ཀྱི་བགྲོ་གླེང་ཆེན་མོའི་ཐོག་དགེ་འདུན་པ་ཚོས་རྟགས་གསལ་བཏང་བ་ལྟ་བུ་མ་ཡིན་པར་དེང་རབས་ཀྱི་བགྲོ་གླེང་གི་རྣམ་པའི་ཐོག་ནས་བསམ་ཚུལ་སྤེལ་རེས་གནང་དགོས་པའི་ལམ་སྟོན་བཀའ་སློབ་གནང་དོན། དེང་རབས་ཀྱི་བགྲོ་གླེང་བྱེད་སྟངས་ཀྱི་ལམ་སྲོལ་ལ་དབྱེ་བ་མང་པོ་ཡོད་ཀྱང་རགས་པ་ཙམ་གྱིས་བསྡོམས་སྐྱོན་གནང་ནས་དབྱེ་བ་བདུན་དུ་ཕྱེ་གནང་སྟེ་བགྲོ་གླེང་ཚོགས་འདུ་དང་བརྗོད་གཞི་བྱེ་བྲག་པ་ཞིག་གི་ཐོག་རྩོད་གླེང་ཆེད་མཁས་སྡེ་ཚན་ཞིག་བཟོས་ཏེ་ལས་རིམ་སྒྲིག་པ་དང་། ཟབ་སྦྱོང་། རྩོད་པ། གླེང་མོལ་བཅས་ཡིན་པ་དང་། ད་རེས་seminarཞེས་བགྲོ་གླེང་ཚོགས་འདུ་འཚོགས་རྒྱུ་ཡིན་པར་བརྟེན་དགེ་འདུན་པ་རྣམས་ཀྱིས་རྟགས་གསལ་བཏང་བ་ལྟར་མིན་པར་བགྲོ་གླེང་ཐོག་བསམ་བློ་སྤེལ་རེས་གནང་དགོས་སྐོར་སོགས་བཀའ་སློབ་གནང་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།