༧གོང་ས་མཆོག་ཨེ་ཊ་ལིར་ཞབས་སོར་བདེ་བར་འཁོད་འདུག
2014.12.11
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་རྒྱལ་སྤྱིའི་ལྷན་ཚོགས་སུ་ལྷན་བཞུགས་གནང་རྒྱུ་ཡིན་འདུག
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༡ཉིན་ཀྱི་སྔ་དྲོ་ཨེ་ཊ་ལིའི་གྲོང་ཁྱེར་Rome དུ་༧ཞབས་སོར་འཁོད་གནང་བ་དང་། གྲོང་ཁྱེར་དེའི་ནང་ཚུགས་གཏན་འཁེལ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་རྒྱལ་སྤྱིའི་ལྷན་ཚོགས་དེའི་ཐོག་ལྷན་བཞུགས་གནང་རྒྱུ་ཡིན་པ་རེད། ལྷན་ཚོགས་དེ་བཞིན་ཐོག་མར་ལྷོ་ཨ་ཕེ་རི་ཀའི་ནང་ཚོགས་འཆར་འཁེལ་ཡོད་ཀྱང་ལྷོ་ཨ་ཕེ་རི་ཀའི་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ལྷན་ཚོགས་སུ་༧ཆིབས་བསྒྱུར་བསྐྱངས་རྒྱུར་ཡུལ་དེའི་ནང་ཕེབས་རྒྱུའི་ཐོངས་མཆན་མ་ཕུལ་བའི་དབང་གིས་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་ཁག་གཅིག་གིས་ལྷོ་ཨ་ཕེ་རི་ཀའི་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་མཚོན་ཆེད་ཚོགས་ཞུགས་གནང་རྒྱུ་མིན་པའི་གསལ་བསྒྲགས་གནང་བའི་རྗེས་ལྷན་ཚོགས་དེ་ལྷོ་ཨ་ཕེ་རི་ཀའི་ནང་ཚོགས་རྒྱུ་ཕྱིར་འཐེན་གནང་སྟེ་ཨེ་ཊ་ལིའི་གྲོང་ཁྱེར་རོམ་ནང་ཚོགས་རྒྱུ་བསྐྱར་དུ་གཏན་འཁྱེལ་གནང་ཡོད་པ་རེད། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་རྣམ་པའི་ལྷན་ཚོགས་དེ་བཞིན་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༢ནས་༡༤བར་ཚོགས་རྒྱུ་ཡིན་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྷན་ཚོགས་དེའི་ཐོག་གནད་དོན་ཁག་གསུམ་ཙམ་གྱི་ཐོག་ལ་བགྲོ་གླེང་གནང་རྒྱུར་ལྷན་བཞུགས་གནང་གི་ཡོད་ཅིང་། བགྲོ་གླེང་གནང་རྒྱུའི་གནད་དོན་ཁག་གསུམ་ནི། འགྲོ་བ་མིའི་ཡར་རྒྱས་གོང་འཕེལ་ལ་གདོང་ལེན་དང་། ཡར་རྒྱས་གོང་འཕེལ་ཆེད་ཞི་བདེ་མཉམ་གནས། དེ་བཞིན་དམག་འཁྲུག་འགོག་ཐབས་ཆེད་ཞི་བདེ་སྤེལ་ཕྱོགས། གོ་ལའི་བདེ་འཇགས་ཆེད་རྩོད་རྙོག་ཟློག་ཐབས། རྒྱལ་སྤྱིའི་ལྟེ་གནས་ཁང་ཁག་གི་ལས་འགན། དེ་མིན་ཞི་བདེར་ཉེན་ཁ། ཨ་ཕི་རི་ཀའི་ནང་གི་དམག་འཁྲུག་དང་། འཛམ་གླིང་ས་ཕྱོགས་གང་སའི་ནང་འབྱུང་བཞིན་པའི་དམག་འཐབ་སོགས་ཀྱི་ཐད་བགྲོ་གླེང་གནང་འཆར་ཡོད་འདུག
གསར་འགོད་པ་འཆི་མེད།