༸གོང་ས་མཆོག་གིས། རྒྱལ་སྤྱིའི་རང་བཞིན་གྱིས་བོད་དོན་རྒྱབ་སྐྱོར་གནང་བ་དེ་ནི་བོད་མི་ཚོའི་བློ་སྟོབས་ཀྱི་འབྱུང་ཁུངས་ཡིན་ཞེས་བཀའ་བསྩལ་བ།

2024.02.23
༸གོང་ས་མཆོག་གིས། རྒྱལ་སྤྱིའི་རང་བཞིན་གྱིས་བོད་དོན་རྒྱབ་སྐྱོར་གནང་བ་དེ་ནི་བོད་མི་ཚོའི་བློ་སྟོབས་ཀྱི་འབྱུང་ཁུངས་ཡིན་ཞེས་བཀའ་བསྩལ་བ། བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས་༸གོང་ས་མཆོག་གི་གསུང་འཕྲིན་སྒྲོག་སྦྱང་གནང་བཞིན་པ། ༢༠༢༤།༠༢།༢༣ ཉིན།
བོད་མིའི་སྒྲིག་འཛུགས།

ཕྱི་ལོ་ ༢༠༢༤ ཟླ་བ་ ༢ ཚེས་ ༢༣ ཉིན་ཡུ་རོབ་བེལ་ཇམ་རྒྱལ་ཁབ་ཀྱི་རྒྱལ་ས་སྦར་སིལ་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་དེ་བཞིན་དངོས་སུ་མགོ་འཛུགས་གནང་སྟེ། ཚོགས་ཆེན་དབུ་འབྱེད་མཛོད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་ཀྱིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཆེན་ཐེངས་ ༩ པ་དང་འབྲེལ་བའི་གསུང་འཕྲིན་བསྩལ་བ་དེ་སྒྲོག་སྦྱང་གནང་བའི་ནང་། གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གནང་བ་དེས་བོད་དོན་འཐབ་རྕོད་དེ་ཡང་གསོན་ཤུགས་རྒྱུན་འཁྱོངས་བྱེད་པར་ཕན་ཐོགས་ཡོད་དང་། བོད་མི་ཚོར་མཚོན་ན། བློ་སྟོབས་ཀྱི་འབྱུང་ཁུངས་ཤིག་ཀྱང་ཡིན་པ་མ་ཟད། བོད་དོན་རྒྱབ་སྐྱོར་བྱེད་པ་དེས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ངོ་བོ་རྒྱུན་འཛིན་སླད་ཞབས་འདེགས་བསྒྲུབ་པ་ཡང་མཚོན་ཐུབ། དེར་བརྟེན། ངོས་ཀྱིས་བོད་དོན་རྒྱབ་སྐྱོར་བ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱིས་རྒྱུན་དུ། ཁྱེད་ཚོས་བོད་དོན་རྒྱབ་སྐྱོར་གནང་བ་དེ་ནི་དྲང་བདེན་ལ་རྒྱབ་སྐྱོར་གནང་བ་ཞིག་ཡིན་ཞེས་བཤད་ཀྱི་ཡོད། འོན་ཀྱང་། བོད་ཀྱི་གནད་དོན་ནི་དྲང་བདེན་དང་འགྲོ་བ་མིའི་ཐོབ་ཐང་ཙམ་མིན་པར། འགྲོ་བ་མི་སྤྱིའི་བདེ་རྩར་ཕན་ཐོགས་ཡོད་པའི་བོད་ཀྱི་ཐུན་མོང་མ་ཡིན་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བ་ཆེན་པོ་ཆགས་ཡོད་ལ། ཁོར་ཡུག་ཐོག་ནས་བཤད་ན། བོད་མཐོ་སྒང་ནི་འཛམ་གླིང་གི་མི་གྲངས་ཐེར་འབུམ་ ༢ ལྷག་གི་འཐུང་ཆུའི་འབྱུང་ཁུངས་ཀྱང་ཡིན་ཞེས་བཀའ་སློབ་ལམ་སྟོན་ཕེབས་འདུག

425306614_793323702831127_4500580727964428749_n.jpg

ཐེངས་འདིའི་ཚོགས་ཆེན་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་ ༤༢ ནས་ཚོགས་བཅར་བ་ ༡༨༠ ལྷག་མཉམ་ཞུགས་གནང་འདུག་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་གཏམ་བཤད་གནང་བའི་ནང་། བཀའ་ཤག་སྐབས་ ༡༦ པའི་ངོས་ནས་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་ལོ་རྒྱུས་ཀྱི་བདེན་དཔང་ཁུངས་སྐྱེལ་བྱས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་སྐྱོད་བྱེད་མུས་ཡིན། གལ་ཏེ། ལོ་རྒྱུས་ཐོག་ནས་བོད་རང་བཙན་རྒྱལ་ཁབ་ཡིན་པ་ངོས་འཛིན་མ་ཐུབ་པ་ཡིན་ན། དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་བྱས་པའི་རྐྱེན་ཅི་ཡང་མེད་ཅེས་དང་། རྒྱལ་ཁབ་སུ་ཞིག་གིས་བོད་དེ་རྒྱ་ནག་གི་ཆ་ཤས་རེད་གསུངས་བ་ཡིན་ན། ང་ཚོས་བོད་ནི་གཞན་གྱིས་དབང་བསྒྱུར་བྱེད་པའི་རྒྱལ་ཁབ་ཅིག་ཡིན་ཞེས་བརྗོད་རྒྱུ་ཡིན་ལ། ངས་ཀྱི་ད་བར་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པ་ཐུག་འཕྲད་བྱེད་པའི་སྐབས། གལ་ཏེ་ཁྱེད་རང་ཚོས་མུ་མཐུད་བོད་དེ་རྒྱ་ནག་གི་ཆ་ཤས་རེད་ཅེས་བརྗོད་པ་ཡིན་ན། དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བ་རེད་ཅེས་ནན་ཏན་བྱས་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད་ཅེས་གསུངས་སོང་།

ཡུ་རོབ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Mikulas Peksa ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ད་རེས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པ་དེའི་བརྒྱུད་ནས་ང་ཚོས་གཙོ་བོ་ལོ་རྒྱུས་ཐོག་ནས་བོད་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ནག་གི་ཆ་ཤས་མིན་པ་གསལ་སྟོན་བྱ་རྒྱུ་ཙམ་མ་ཟད། བོད་ནི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཕྱུག་པའི་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་བྱེད་དགོས་པའི་དགོས་འདུན་སྟོན་རྒྱུ་ཡིན་ལ། བོད་དོན་གླེང་པའི་སྐབས་ཡུ་རོབ་རྒྱལ་ཁབ་ཚོས་མཉམ་རུབ་ཀྱིས་ལས་དོན་སྤེལ་རྒྱུ་ནི་ཧ་ཅང་གི་གལ་འགངས་ཆེན་ཞིང་། རྒྱུ་མཚན་ནི། ཡུ་རོབ་རྒྱལ་ཁབ་ཚོ་ནི་རྒྱ་ནག་ལྟར་དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་མིན་པར། ཡུལ་ལུང་སོ་སོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཆ་ཚང་ལྡན་ཡོད། ད་དུང་ཚོགས་ཆེན་འདིའི་ཐོག་ཡུ་རོབ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་༸གོང་ས་ཏཱ་ལའི་བླ་༸སྐུ་ཕྲེང་ ༡༤ པ་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་དབང་མེད་པའི་སྐོར་གསལ་སྟོན་བྱ་རྒྱུ་དང་། རྒྱ་ནག་གཞུང་གིས་བོད་ནང་བཙུགས་པའི་མི་སེར་སྤེལ་ཡུལ་བཅའ་སྡོད་སློབ་གྲྭའི་སྐོར་གླེང་སློང་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་འབུམ་རམས་པ་སྐུ་ཞབས་ Hans Gert Pottering ལགས་ནི། ཡུན་རིང་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པ་མ་ཟད། དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེར་བྱེད་པའི་སྐབས། ཁོང་གིས༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་གྲོས་ཚོགས་སུ་གདེན་ཞུས་གནང་ཡོད་པ་རེད།  ཐེངས་འདིར་ཁོང་གིས། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པའི་ཐོག་བོད་དང་འབྲེལ་བའི་གཏམ་བཤད་གནང་བའི་ནང་། ངས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་བྱེད་རྒྱུའི་མཆོད་སེམས་བརྟན་པོ་ཡོད་ལ། ཕྱི་ལོ་ ༢༠༢༣ ཟླ་བ་ ༡༡ ནང་།  ང་རྡ་རམ་ས་ལར་ཡོང་སྟེ། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་མོལ་བྱུང་ནས་འཛམ་གླིང་ནང་བྱམས་བརྩེ་སྤེལ་ཐབས་སོགས་ཀྱི་ཐོག་ལ་བཀའ་མོལ་བྱུང་བ་དེ་དག་ནི་ངས་ནམ་ཡང་བརྗེད་མི་སྲིད། ཕྱི་ལོ་ ༢༠༢༣ ལོའི་ལོའི་མཇུག་ཏུ་ཡུ་རོབ་གྲོས་ཚོགས་ངོས་ནས། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་བཞག་ཡོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པ་གསུངས་ཤིང་། ལྷག་དོན་དུ་རྒྱ་ནག་གཞུང་གིས། བོད་ཀྱི་སྐད་ཡིག་ནུས་མེད་བཟོ་ཐབས་དང་། རིག་གཞུང་རྩ་གཏོར་གཏོང་ཐབས་དང་འབྲེལ་བའི་སྲིད་བྱུས་དེ་དག་རྒྱ་ནག་གཞུང་གིས་འཕྲལ་དུ་མཚམས་འཇོག་དགོས་པ་ཚང་མས་གནོན་ཤུགས་སྤྲད་དགོས་ཞེས་གསུངས་སོང་།

ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་བཅུ་གཉིས་ཀྱི་ལོ་མཇུག་ཏུ་ཡུ་རོབ་གྲོས་ཚོགས་ཀྱི་བཞག་པའི་གྲོས་ཆོད་དོན་ཚན་བདུན་ཅན་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་བཙུགས་པ་དེ་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་།  རིག་གཞུང་། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་རྩ་མེད་བཟོ་ཐབས་ཤིག་ཡིན་པའི་སྐོར་བཀོད་འདུག་པ་མ་ཟད། བོད་ཀྱི་བྱིས་པ་རྣམས་བོད་ཀྱི་རིག་གཞུང་གི་དྲི་མ་ཙམ་ཡང་མེད་པ་བཟོས་ཏེ། མི་རིགས་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་འགལ་ཡོད་པའི་སྐོར་བཀོད་ཡོད་པ་རེད།

གཞན་ཡང་ཐེངས་འདིར་སྤར་སིལ་དུ་བསྐོང་ཚོགས་གནང་བའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ ༩ པ་དེ་བཞིན་འདི་ཚེས་ ༢༣ ནས་མགོ་འཛུགས་ཀྱིས་ཕྱི་ཟླ་ ༢ པའི་ཚེས་ ༢༥ བར་ཉིན་གྲངས་གསུམ་གྱི་རིང་ཚོགས་ཀྱི་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།    
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎