༸སྐུའི་འཁུངས་སྐར་འཚམས་འདྲི་ཞུས་པར་ཐུགས་རྗེ་ཆེ་ཞུས་གནང་མཛད་པ།

ཕྱི་ཟླ་ ༧ པའི་ཚེས་ ༦ ཉིན་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཡིན་ཞིང་། འདི་ལོའི་འཁྲུངས་སྐར་སྐབས་རྒྱ་གར་གྱི་སྲིད་བློན་མོ་རྡི་མཆོག་གིས་དབུས་ཨ་རིའི་ཕྱི་སྲིད་དྲུང་ཆེ། དེ་བཞིན་གནད་ཡོད་མི་སྣ་མང་དག་ཅིག་ནས་མགོན་པོ་གང་ཉིད་མཆོག་ལ་འཚམས་འདྲི་ཞུས་ཡོད་པ་བཞིན། འདི་ཚེས་ ༡༩ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པར་ཐུགས་རྗེ་ཆེ་ཞུས་ཀྱི་གསུང་འཕྲིན་ཞིག་སྩལ་བའི་ནང་། ངོས་ཀྱི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། ངོས་ནས་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་ལ་མཆོད་སེམས་བརྟན་པོ་བཟུང་ནས། འགྲོ་བ་མིའི་བདེ་སྡུག་དང་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་ལ་འབད་མུས་དང་། ངོས་ཀྱིས་སྔ་དྲོ་ཉིན་ལྟར།ཇི་སྲིད་ནམ་མཁའ་གནས་པ་དང༌། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་པའི་ཚིགས་བཅད་དེ་འདོན་གྱི་ཡོད་ཅེས་བཀའ་སྩལ་འདུག
ཡང་༸གོང་ས་མཆོག་གིས་གསུང་འཕྲིན་ནང་མུ་མཐུད། ངོས་རང་འདས་པའི་ལོ་ཤས་ནང་དཀའ་སྡུག་འགའ་ཤས་འཕྲད་ཀྱང་། མཆོད་སེམས་བརྟན་པོའི་ཐོག་ནས་རེ་བ་མ་ཟད་པར་གང་ཐུབ་ཀྱིས་ཕན་བདེ་སྒྲུབ་ཀྱི་ཡོད་ཅེས་དང་། ངོས་རང་སུ་ཞིག་ལའང་ཁོང་ཁྲོ་མེད་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་དང་བོད་མི་རྣམས་ལ་སྡུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བ་དེ་ལ་ཡང་ཁོང་ཁྲོ་ལངས་ཀྱི་མེད་ཅེས་བཀའ་སྩལ་འདུག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་ནས། མགོན་པོ་གང་ཉིད་མཆོག་ནས་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དེར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་ལ་མཆོད་སེམས་བརྟན་པོ་ཡོད་ཅེས་གསུང་འཕྲིན་ནང་བཀའ་སྩལ་ཡོད་པ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
འདི་ལོའི་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་སྟེང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་གྱིས། བོད་གངས་ཅན་གྱི་བསྟན་སྲིད་དོན་དུ་ད་བར་བློ་འགྱོད་མེད་པའི་སྒོ་ནས་ཧུར་ཐག་བྱས་པ་ཡིན་ལ། ད་དུང་སེམས་ཤུགས་མ་ཆགས་པར་གནས་ཡོད་ཅེས་བཀའ་སྩལ་ཡོད་པ་རེད། གཞན་ཡང་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་Sukhvinder Singh Sukhuམཆོག་ཆེད་ཕེབས་གནང་སྟེ། ཁོང་གིས་མུ་མཐུད་ཧི་མ་ཅལ་མངའ་སྡེའི་ནང་གནས་སྡོད་བོད་མི་རྣམས་ལ་རོགས་རམ་གང་ཐུབ་ཞུ་རྒྱུ་ཡིན་ཞེས་གསུང་བཤད་གནང་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།