༸གོང་ས་མཆོག་གིས། བོད་དང་སོག་པོ་གཉིས་ནི་ཆོས་དང་རིག་གཞུང་གི་ཐོག་ནས་དམིགས་བསལ་འབྲེལ་བ་ཡོད་ཅེས་བཀའ་བསྩལ་བ།

བོད་མིའི་དབུ་ཁྲིད་༸གོང་ས་མཆོག་གིས་སོག་པོའི་རྒྱལ་ཁབ་ཀྱི་ཆོས་ཞུ་བ་སུམ་བརྒྱ་བརྒལ་བར། དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་གནང་གྲུབ་སྟེ་སྤྱི་ཚེས་ ༢༠ ཉིན་སེམས་སྐྱེད་ཀྱི་ཆོས་འབྲེལ་སྩལ་གནང་སྐབས། བོད་དང་སོག་པོ་གཉིས་ལ་ཆོས་དང་རིག་གཞུང་གི་ཐོག་ནས་འབྲེལ་བ་དམིགས་བསལ་ཡོད་པ་མ་ཟད། མགོན་པོ་གང་ཉིད་སྐུ་སྒེར་ལ་མཚོན་ན། གཞུང་ཆེན་ཁྲིད་མཁན་གཙོ་བོ་དེ་མཚན་ཞབས་དངོས་གྲུབ་ཚོགས་གཉིས་སོག་པོ་ཡིན་པ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པས། ང་ཚོའི་མི་མང་སྤྱི་དང་ལྷག་པར་སོག་རིགས་ཚོར་ངས་ཕན་ཐོགས་དང་སྐུལ་མ་ཅུང་ཟད་བྱེད་ཐུབ་པའི་གོ་སྐབས་འདི། རྒན་དངོས་གྲུབ་ཚོགས་གཉིས་ཀྱི་བཀའ་དྲིན་རྗེས་དྲན་གནང་གི་ཡོད་ཅེས་བཀའ་བསྩལ་བ།
ཡང་མགོན་པོ་མཆོག་གིས་བོད་ཙམ་མ་ཟད་རྒྱ་ནག་ནང་དུའང་སངས་རྒྱས་པའི་ཆོས་ལ་དོ་སྣང་ཡོད་པ་ཚོས། བོད་ལ་ཡོད་པའི་ཆོས་རྒྱུད་གོམས་གཤིས་བཟང་པོར་དོ་སྣང་གསར་པ་བྱས་བསྡད་ཡོད་པ་དང་། བོད་ཀྱི་རིག་གཞུང་གཏིང་ཟབ་རྒྱ་ཆེར་ཡོད་པ་དེས་འཛམ་གླིང་སྤྱི་ལ་ཕལ་ཆེར་ཕན་ཐོགས་གང་འཚམས་བྱ་ཐུབ་པ་ལམ་སྟོན་གནང་གི་འདུག
སོག་པོའི་གྲྭ་ཐུབ་བསྟན་ཡེ་ཤེས་ལགས་ནས་༸གོང་ས་མཆོག་གིས་སོག་པོའི་དགེ་བཤེས་དངོས་གྲུབ་ཚོགས་གཉིས་སྐོར་མང་པོ་གསུང་སོང་བས། ཁོང་དང་སོག་པོའི་བར་འབྲེལ་བ་གཏིང་ཟབ་ཤུགས་ཆེ་ཡོད་པའི་རྟགས་ཡིན་པ་དང་། མ་འོངས་པར་སོག་ཡུལ་དུ་ནང་ཆོས་ཤུགས་ཆེ་དར་བའི་ཆེད་འབད་བརྩོན་གནང་གི་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག
ཡང་སོག་པོའི་ཆོས་ཞུ་བ་ཨི་ཧ་ལུ་ནཱ་ལགས་ནས་མོ་རང་དུས་ཡུན་རིང་མོ་ནས་སེམས་ལ་ཡོད་པའི་འདོད་དོན་གྲུབ་སྟེ་༸གོང་ས་མཆོག་ལ་ཞལ་མཇལ་གསུང་ཐོས་བྱུང་བར། སེམས་ནང་དགའ་ཚོར་གྱིས་མིག་ཆུ་ཤོར་ཡོང་གི་འདུག་པ་དང་། ཕར་སོང་ནས་༸གོང་ས་མཆོག་གིས་བཀའ་གནང་བ་བཞིན། སོ་སོའི་ཕྲུ་གུ་དང་ཉེ་འབྲེལ་ཚོར་ནང་ཆོས་ནི་སེམས་ཁམས་རིག་པ་དང་སྦྲེལ་ནས་འགྲོ་དགོས་པ་ངོ་སྤྲོད་གནང་འདུན་ཡོད་ཅེས་འགྲེལ་བརྗོད་གནང་དོན་ལ། ནང་པའི་ཆོས་ནི་སེམས་ཁམས་རིག་པ་དང་འབྲེལ་ནས་དུས་རབས་ཉེར་གཅིག་པའི་ནང་འགྲོ་དགོས་པ་༸གོང་ས་མཆོག་གིས་བཀའ་གནང་བ་གཞིར་བཟུང་། ང་རང་གི་ཕྲུ་གུ་དང་ངོ་ཤེས་པ་ཚོར། ནང་པའི་ཆོས་ནི་སེམས་ཁམས་རིག་པ་དང་སྦྲེལ་ནས་ཉམས་ལེན་བྱེད་དགོས་པའི་བསླབ་བྱ་བྱེད་ངེས་ཡིན་པ་འགྲེལ་བརྗོད་གནང་གི་འདུག
དགའ་ལྡན་ལྷ་བརྒྱ་མ་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་ཉི་མ་གཉིས་རིང་གནང་བ་འདིར། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་ ༧༢ ནས་མི་མང་བདུན་སྟོང་བརྒལ་བ་བཅར་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།