བསྟན་པའི་བྱ་བ་སྤྱི་དང་བྱེ་བྲག་ཏུ་བོད་ཀྱི་བསྟན་འགྲོའི་དོན་དུ་ངོས་ནས་ཞབས་འདེགས་གང་འཚམས་བསྒྲུབས་ཡོད། ཅེས་བཀའ་བསྩལ་བ།
བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ལ་སོག་པོའི་རྒྱལ་ཁབ་ཀྱི་བླ་མའི་དགེ་རྒན་གསུུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་གསོལ་འདེབས་ཞུས་དོན་ལྟར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆེད་དུ་བྱ་བའི་གདུལ་བྱ་སོག་པོའི་སེར་སྐྱ་ཕོ་མོ་སུམ་བརྒྱ་ལྷག་གཙོས་པའི་ཕྱི་ནང་གི་མི་མང་བདུན་སྟོང་བརྒལ་བར། སྤྱི་ཟླ་ ༤ པའི་ཚེས་ ༡༩ ནས་ཉི་མ་གཉིས་རིང་གི་དགའ་ལྡན་ལྷ་བརྒྱ་མའི་བཀའ་ཆོས་དབུ་འཛུགས་གནང་སྐབས། མགོན་པོ་གང་ཉིད་ནས་བསྟན་པའི་བྱ་བ་སྤྱི་དང་བྱེ་བྲག་བོད་གངས་ཅན་གྱི་བསྟན་འགྲོའི་དོན་དུ་ཞབས་འདེགས་གང་འཚམས་བསྒྲུབ་ཡོད་པ་མ་ཟད། འཛམ་གླིང་སྤྱི་ཡོངས་ཀྱིའང་ཁོར་ཡུག་སྲུང་སྐྱོབ་དང་འཛམ་གླིང་ཞི་བདེ། ཆོས་ལུགས་མཐུན་སྒྲིལ་བཅས་ལ་བྱས་རྗེས་གང་འཚམས་བཞག་ཡོད་ཅེས་བཀའ་སྩལ་གནང་གི་འདུག
གཞན་ཡང་བོད་གངས་ཅན་ལྗོངས་སུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ལམ་སྟོན་འོག་བོད་པ་ཚོ་འགྲོ་བསྡད་ཡོད་པ་དང་། མགོན་པོ་གང་ཉིད་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐྱེ་བ་ཡིན་པ་རྨི་ལམ་ཚུན་ཆད་ནང་གསལ་བོ་འཐོན་ཡོང་གི་ཡོད་པས། མགོན་པོ་མཆོག་གིས་གང་ཐུབ་ཅི་ཐུབ་ཀྱིས་ཁྲི་སྲོང་ལྡེའུ་བཙན་གྱི་ལམ་སྟོན་དགོངས་པ་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བར་འབད་བརྩོན་ཅི་ཐུབ་གནང་གི་ཡོད་པ་བཀའ་གནང་གི་འདུག
མགོན་པོ་གང་ཉིད་ནས་ད་བར་ཧུར་ཐག་གནང་བ་དང་ད་དུང་ཡང་ལོ་བརྒྱ་དང་བཅུ་སྐོར་ལ་ཧུར་ཐག་གནང་འདུན་ཡོད་པ་སོགས་བཀའ་སྩལ་བ་དང་འབྲེལ། དངོས་གཞི་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་སྐབས། གཙོ་བོ་གཞུང་ལུགས་མང་པོར་ཐོས་བསམ་རྒྱ་ཆེར་བྱས་ཏེ་ཉམས་ལེན་དུ་སྦྱར་ཤེས་དགོས་པའི་སྐོར་བཀའ་གནང་གི་འདུག
སོག་ཡུལ་གྱི་ཆོས་ཞུ་བ་ཁི་ཤིག་ངྷིལ་གུལ་ལགས་ནས་༸གོང་ས་མཆོག་དང་སོག་རིགས་ཚོར་དུས་ཡུན་རིང་མོ་ནས་འབྲེལ་བ་གཏིང་ཟབ་ཡོད་པ་དང་། ད་ལན་ཆེས་ཐོག་མར་མགོན་པོ་གང་ཉིད་དང་དངོས་མཇལ་གྱི་བསྐལ་བ་ལྡན་པར་ཧ་ཅང་དགའ་སྤྲོ་ཆེ་བ་འགྲེལ་བརྗོད་གནང་དོན། ཁོང་གིས་མགོན་པོ་གང་ཉིད་ནི་ཧ་ཅང་གིས་ཐུགས་རིག་གྲུང་པོ་དང་བྱམས་བརྩེ་ཆེན་པོ། རང་དབང་གི་ཚོར་སྣང་ཆེན་པོ་བཅས་བསྟེར་གི་འདུག་པས། ཁ་སང་ང་ཚོ་སོག་ཡུལ་ནས་ཡོང་བ་རྣམས་ཁོང་དང་མཇལ་སྐབས། མགོན་པོ་གང་ཉིད་ནས་བྱམས་བརྩེ་དང་རང་དབང་གི་བསླབ་བྱ་གནང་བར་ཐུགས་རྗེ་ཞེས་ཞུ་རྒྱུ་བྱུང་། ང་ཚོ་འདི་གར་ཡོང་སྟེ་གསུང་ཆོས་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་སྤྲོ་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
རྗེ་བདག་ཉིད་ཆེན་མོའི་བླ་མའི་རྣལ་འབྱོར་སྟོན་པའི་དགའ་ལྡན་ལྷ་བརྒྱ་མ་ནི། རྗེ་བདག་ཉིད་ཆེན་མོ་དང་རྗེ་བཙུན་ཤེས་རབ་སེང་གེ་སོགས་ཀྱི་ཞལ་སློབ་འདུལ་ནག་པ་དཔལ་ལྡན་བཟང་པོས་མཛད་པར་གྲགས་པ་དང་། གསུང་ཆོས་འདི་ཞུ་བར་འཛམ་གླིང་གི་རྒྱལ་ཁབ་ཁག་ ༧༢ ནས་ཕྱི་ནང་གི་མི་མང་བདུན་སྟོང་ལྷག་བཅར་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།