༸གོང་ས་མཆོག་ནས་དབུ་མ་སྙིང་པོའི་བཀའ་ཆོས་དབུ་འཛུགས་གནང་སོང་།


2019.02.20
༸གོང་ས་མཆོག་ནས་དབུ་མ་སྙིང་པོའི་བཀའ་ཆོས་སྐབས། ༢༠༡༩ ༸གོང་ས་མཆོག་ནས་དབུ་མ་སྙིང་པོའི་བཀའ་ཆོས་སྐབས། ༢༠༡༩
OOHDL

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྟན་པ་སྤྱིའི་འཕེལ་འགྲིབ་ལ་དགོངས་པ་ཆེ་བཞེས་ཀྱིས། བོད་བརྒྱུད་ནང་བསྟན་གྱི་དབུ་མའི་བསྟན་བཅོས་ཧ་ཅང་གལ་ཆེན་དུ་བརྩི་སྲོལ་ཡོད་པ། རྒྱ་གར་གྱི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་བཤད་ལུང་དེང་སང་རྩ་སྟོང་དུ་གྱུར་ཡོད་པར་བརྟེན། ༸གོང་ས་མཆོག་ནས་བཤད་ལུང་བསྐྱར་གསོ་གནང་སྟེ། སྤྱི་ཟླ་ ༢ ཚེས་ ༢༠ ནས་དབུ་འཛུགས་ཀྱིས། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱལ་ཁབ་ཁག་ ༥༨ ནས་ཕེབས་པའི་སེར་སྐྱ་ཕོ་མོ་ ༧༠༠༠༠ བརྒལ་བར་ཉིན་ལྔ་རིང་དབུ་མ་སྙིང་པོའི་བཀའ་ཆོས་དབུ་འཛུགས་གནང་། དབུ་མ་སྙིང་པོ་ནི་དབུ་མའི་གཞུང་གལ་ཆེན་ཞིག་ཡིན་ནའང་བཤད་རྒྱུན་མེད་སྟབས། བཤད་རྒྱུན་སྤེལ་དགོས་པར་གལ་ཆེར་བསམས་ཏེ་མཁན་པོ་ཀུན་དགའ་ཕྱུག་ལ་མཆན་འགྲེལ་ཞིག་བརྩམས་རོགས་གནང་ཞེས་པ་ཞུས་པ་བཞིན། མཁན་རིན་པོ་ཆེས་མཆན་འགྲེལ་བརྩམས་ཏེ་བཤད་ལུང་བྱུང་ཚུལ་སོགས་ངོ་སྤྲོད་གནང་སོང་།

རྒྱ་གར་མཁས་པའི་གཞུང་དེ་དག་ནི་གྲངས་ཅན་པ་དང་། རིག་བྱེད་མཐའ་པ། གཅེར་བུ་པ་ལ་སོགས་ལྟ་གྲུབ་འདྲ་མིན་མང་པོ་ཡོད་པའི་དཀྱིལ་དུ་གསུངས་པ་ཞིག་ཡིན་སྟབས། འདི་ལ་དམིགས་བསལ་ཟབ་ཁྱད་ཡོད་པ་ཞིག་ཏུ་མཐོང་གི་འདུག་པ་དང་། བྱང་ཆུབ་ལམ་སྒྲོན་ནས་བཟུང་ལམ་རིམ་ཆེ་ཆུང་དེ་རིགས་ཐད་ཀར་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་འགྲོ་སྟངས་ལྟར་སེམས་འདུལ་ཐབས་གཙོ་བོར་གསུངས་པ་ལས། དགག་བཞག་སྤོང་གསུམ་གྱི་འགྲོ་སྟངས་དེ་ཙམ་མང་པོ་མེད། དེར་བརྟེན་རྒྱ་གར་མཁས་པའི་གཞུང་ལུགས་འདི་རིགས་ཧ་ཅང་གལ་གནད་ཆེན་པོ་ཞིག་ཏུ་མཐོང་གི་འདུག །དེ་ལྟར་དབུ་མ་སྙིང་པོ་གཞུང་གལ་ཆེན་ཞིག་ཡིན་ནའང་བཤད་རྒྱུན་མི་འདུག་པས། བཤད་རྒྱུན་སྤེལ་དགོས་པའི་ཀུན་སློང་གིས་མཆན་འགྲེལ་བརྩམས་པར་གསོལ་འདེབས་ཞུས་ཚུལ་བཀའ་སྩལ་སོང་།

ཡང་༸གོང་ས་མཆོག་ནས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་གཞི་ཆེན་པོ་དང་། ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཚོའི་ལོ་རྒྱུས་དང་བསྡུར་ནས་འབྲི་གལ་ཆེ་ཚུལ་བཀའ་གནང་གི་འདུག །དེ་ཡང་སྔ་མོ་ཀོ་རི་ཡའི་རྒྱལ་པོ་དང་བོད་ཀྱི་ཆོས་རྒྱལ་ཚོའི་བར་འབྲེལ་བ་ཞིག་བྱུང་ཡོད་པ་དང་། ཀོ་རི་ཡར་རྒྱ་ནག་དང་ཡང་ན་སོག་པོ་ནས་དམག་གི་ཉེན་ཁ་བྱུང་སྐབས། བོད་ཀྱི་ཆོས་རྒྱལ་ལ་དམག་རོགས་གནང་རོགས་ཞུས་པའི་སྐད་ཆ་གོ་རྒྱུ་འདུག །ང་ཚོ་བོད་ཀྱི་ལོ་རྒྱུས་དེ་རིགས་ལ་ཧ་ཅང་ཞིབ་འཇུག་བྱེད་གཞི་ཆེན་པོ་དང་། ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཚོའི་ལོ་རྒྱུས་དང་བསྡུར་ནས་འབྲི་གལ་ཆེ་ཚུལ་བཀའ་ཕེབས།

གཞན་ཡང་༸གོང་ས་མཆོག་ནས་དེང་སང་ཚན་རིག་པས་ཤེས་པ་དང་སེམས། ཐུགས་དམ་ལ་བཞུགས་པའི་ཐོག་ལ་ཉམས་ཞིབ་གནང་གི་ཡོད་པ་བཀའ་ཕེབས་སོང་། ཚན་རིག་པས་དེ་སྔ་ཡིན་ན་ཀླད་པ་རྐྱང་རྐྱང་མ་གཏོགས་མི་བཤད་ནའང་། བར་སྐབས་ནས་ཀླད་པ་ལ་འགྱུར་བ་དང་འགུལ་བསྐྱོད་གཏོང་མཁན་གྱི་སེམས་ཟེར་བ་གཅིག་འདུག་ཅེས་བཤད་ཀྱི་ཡོད་ཁར། ལྷག་པར་དེང་སང་ཐུགས་དམ་ལ་བཞུགས་པ་དེ་རིགས་སྙིང་གཡོ་བ་དེ་འགགས་ན་ཁྲག་གི་རྒྱུ་བ་དེ་ཡང་འགགས་ཟིན་པ་དང་། ཁྲག་གི་རྒྱུ་བ་དེ་འགག་དུས་ཀླད་པ་མགྱོགས་པོར་ཤི་འགྲོ་ཡི་ཡོད། ད་དུང་ཕུང་པོ་གསོས་པ་བྱས་ནས་བསྡད་ཐུབ་པར་ཚན་རིག་པས་དེ་སྔ་ཕན་ཆད་ཀྱི་འགྲོ་སྟངས་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་ཀྱི་མེད་ཅིང་། དེ་ཡོད་པ་ནི་དངོས་སུ་མཐོང་གི་འདུག་པར་བརྟེན། ངའི་ངོ་ཤེས་པ་ཚན་རིག་པ་མཁས་པ་འགའ་ཞིག་གིས་དེའི་ཐོག་དམིགས་བསལ་ཉམས་ཞིབ་ཀྱི་ལས་འགུལ་ཞིག་བཙུགས་ཡོད་པ་དང་། ཨུ་རུ་སུའི་ཚན་རིག་པ་ཁ་ཤས་ཀྱིས་ཀྱང་དེ་ལ་དོ་སྣང་བྱེད་བཞིན་འདུག །དེ་ཚོའི་རིགས་ལ་གནད་འགག་འདུག་ཅེས་བཀའ་གནང་སོང་ལ། དབུ་མ་སྙིང་པོ་མཛད་པ་པོ་རྒྱ་གར་གྱི་སློབ་དཔོན་ལེགས་ལྡན་འབྱེད་ནི་སྤྱི་ལོའི་དུས་རབས་ལྔ་པ་དང་དྲུག་པའི་བར་རྒྱ་གར་ལྷོ་ཕྱོགས་སུ་སྐུ་འཁྲུངས་པ་དང་། ཁོང་ནི་དབུ་མ་རང་རྒྱུད་པའི་སྲོལ་གཏོད་མཁན་གྱི་ནཱ་ལེནྡྲའི་མཁས་པ་ཆེན་པོ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎