༧གོང་ས་མཆོག་གིས་འཕཊ་ཡུལ་རྡོ་རྗེ་གདན་ནས་ཆོས་འབྲེལ་བསྩལ་བཞིན་འདུག


2018.01.05
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྡོ་རྗེ་གདན་དུ། ༢༠༡༨།༡།༥ བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྡོ་རྗེ་གདན་དུ། ༢༠༡༨།༡།༥
སངས་རྒྱས་རྒྱ་མཚོ།/RFA

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་གྱི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་ཆོས་ཞུ་བ་མི་གྲངས་ཁྲི་གསུམ་ལྷག་ལ་བདེན་པ་བཞི་དང་སཱ་ལུའི་ལྗང་པའི་མདོའི་ཆོས་འབྲེལ་དབུ་འཛུགས་མཛད་འདུག
དེ་ཡང་སྤྱི་ལོ་༢༠༡༨་ལོའི་ཟླ་ ༡ ་ཚེས་ ༥ ་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བའི་ནང་ཆོས་ཞུ་བར་བཀའ་སློབ་བསྩལ་སྐབས། ནང་པའི་གནས་ཆེན་གནས་མཆོག་རྡོ་རྗེ་གདན་འདི་གནས་ཁྱད་པར་ཅན་ཞིག་ཆགས་ཡོད་པ་བཀའ་བསྩལ་ཏེ་ཉིན་གྲངས་གསུམ་རིང་གཙོ་བོ་ཆེད་དུ་བྱ་བའི་གདུལ་བྱ་ནི་རྒྱ་གར་ཡུལ་པའི་སློབ་ཕྲུག་དང་ནང་ཆོས་ལ་དོ་སྣང་ཡོད་མཁན་འདིར་འདུས་བ་ཁོང་རྣམས་དེ་རིང་ཆེད་དུ་བྱ་བའི་གདུལ་བྱ་ཆགས་ཡོད། ཅེས་བཀའ་སློབ་སྩལ་རྗེས་རྒྱ་གར་བ་ཚོས་པཱ་ལི་དང་ལེགས་སྦྱར་སྐད་ནས་ཤིས་བརྗོད་གསུང་འདོན་གནང་ཡོད་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བའི་ནང་། སྟོན་པ་བཅོམ་ལྡན་འདས་ཀྱིས་ལོ་དྲུག་དཀའ་བ་སྤྱད་ནས་དགོངས་པ་མང་པོ་བཞེས་སྐབས། བདག་ཏུ་ལྟ་བ་དེས་ཉོན་མོངས་པའི་རྩ་བ་བྱེད་བཞིན་ཡོད་པ་མཁྱེན་ནས་དེར་བརྟེན་དེའི་ཚེ་དེའི་དུས་སུ་ཡོངས་སུ་གྲགས་པའི་ལྟ་གྲུབ་དང་མི་འདྲ་བ་ཞིག་བདག་མེད་པའི་ལྟ་བ་འདི་གསུངས་པ་རེད་ཅེས་བཀའ་སྩལ་བ་དང་། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སངས་རྒྱས་ཀྱི་བསྟན་པ་རིག་པའི་ལམ་ནས་གཏན་ལ་ཕབ་ནས་གསུང་མཁན་དེ་ལེགས་སྦྱར་གྱི་ཆོས་གཞུང་དེ་དག་གཙོ་བོ་རེད་འདུག གང་ཉིད་ཀྱིས་ནམ་རྒྱུན་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་ཞེས་གསུང་བཞིན་པའི་གཞུང་དེ་དག་ད་ལྟ་ང་ཚོས་སློབ་དེབ་ནང་བཞིན་བརྩིས་ནས་སློབ་སྦྱོང་བྱེད་བཞིན་ཡོད་ཅིང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་འདི་རྒྱ་གར་ནང་ལ་མཚོན་ན་བར་སྐབས་དར་རྒུད་སྣ་ཚོགས་བྱུང་ཡོད་ཀྱང་། གཙོ་བོ་སངས་རྒྱས་པའི་བསྟན་པ་འདི་དུས་ད་ལྟ་ཡིན་ནའང་གནས་བཞིན་ཡོད་པས་ལྷག་པར་མི་རྣམ་དཔྱོད་ཅན་གྱིས་ཞིབ་འཇུག་བྱེད་སྐབས་ལུང་ཙམ་ལ་ཡིད་ཆེས་མ་བྱས་པར་རིག་པའི་ལམ་ནས་དཔྱད་པ་བྱས་ནས་འགྲོ་དགོས་པ་མ་གཏོགས་ལུང་ཙམ་ལ་ཆ་འཇོག་མཁན་དེ་ཚོས་གཞི་ནས་དོ་སྣང་གསར་པ་ཞིག་སླེབས་བཞིན་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བདེན་བཞི་དང་སཱ་ལུའི་ལྗང་པའི་མདོའི་བཀའ་ཆོས་དབུ་འཛུགས་མཛད་འདུག
སྤྱིར་ཐེངས་འདིའི་ཆོས་འབྲེལ་རྣམས་སྐད་རིགས་འདྲ་མིན་ཁག་ ༡༡ ཐོག་ཐད་ཀར་གསུང་བསྒྱུར་ཞུ་བཞིན་ཡོད་པ་མ་ཟད། དྲ་རྒྱའི་བརྒྱུད་ལམ་འདྲ་མིན་ནས་འཛམ་གླིང་ས་ཕྱོགས་གང་ས་ནས་གསུང་ཆོས་ཞུ་ཐུབ་ཆེད་ཐད་གཏོང་གནང་བཞིན་པ་རེད།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎