༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དཔྱིད་ཆོས་བསྩལ་གྲུབ་པ།
2017.03.14
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་གཞན་གཅེས་འཛིན་གྱི་བློ་བསྐྱེད་ནས་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བར་བྱེད་དགོས་པ་བཀའ་གནང་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ནས་ཕེབས་མཁན་ཁག་ཅིག་དང་དེ་བཞིན་དད་ལྡན་ཆོས་ཞུ་བ་སྟོང་ཚོ་བརྒལ་བར་འདི་ལོའི་ཆོ་འཕྲུལ་དུས་ཆེན་ཉིན་ནས་དབུ་བཙུགས་ཀྱིས་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀྲིན་སྩལ་གནང་ཡོད་པ་དང་། དེ་བཞིན་༧གོང་ས་མཆོག་གིས་སྤྱི་ཚེས་༡༤་ཉིན་དཔྱིད་ཆོས་མཇུག་སྒྲིལ་གནང་བའི་ཉིན་དེར་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་གནང་མཛད་ཡོད་པ་རེད།
སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་འདི་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཞིག་ཡིན་པ་ནི་ལོ་རྒྱུས་ནང་བལྟས་པ་ཡིནའང་འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཞིག་ཡོད་པ་གསལ་པོ་ཡིན་པ་བཀའ་གནང་ཞིང་། གཞན་ཕན་གྱི་བསམ་བློ་དང་ལྡན་ཞིག་མི་ཚེ་དོན་དང་ལྡན་པ་ཞིག་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། ཤེས་རབས་ཀྱི་གྲོགས་དང་བཅས་པའི་བྱམས་པ་དང་སྙིང་རྗེའི་ཉམས་ལེན་གྱི་སྒོ་ནས་རང་གཅེས་འཛིན་ཇེ་ཆུང་དང་གཞན་གཅེས་འཛིན་གྱི་བསམ་བློའི་ནུས་པ་གོང་མཐོར་གཏོང་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
ད་དུང་༧གོང་ས་མཆོག་གིས། འཛམ་གླིང་འདིའི་སྟེང་དཀའ་ངལ་མང་དག་ཞིག་འབྱུང་བཞིན་པ་དེ་ནི་གཙོ་བོ་གཞན་དོན་འཁུར་འཁྱེར་གྱི་སྙིང་སྟོབས་ཀྱི་མི་འདེང་བ་དང་སྙིང་རྗེས་ཕོངས་ནས་ཡོང་གི་ཡོད་སྟབས། རང་གཞན་གཉིས་ཀའི་འཕྲལ་ཕུགས་ལ་ཕན་པའི་ཆོས་རྣམ་དག་ཞིག་ཡོང་བར་ངེས་པར་དུ་གཞན་ཕན་དང་བྱམས་སྙིང་རྗེའི་ཉམས་ལེན་ཡང་དག་པ་ཞིག་ཡོང་དགོས་པ་དང་། སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱ་མཁན་ཞིག་ཡིན་ན་ཡང་། གང་བྱ་རྒྱུའི་ཆོས་ལ་ཐོས་བསམ་སློབ་གཉེར་ཚུལ་བཞིན་བྱེད་དེ་ལམ་ཉམས་ལེན་དུ་འཁེལ་ཐབས་ལ་འབད་པ་བྱེད་དགོས་པ་སོགས་བཀའ་གནང་ཡོད་པ་རེད།
གསར་འགོད་པ་ཕྲེང་རིང་བསྟན་ནོར།