༧གོང་ས་མཆོག་གིས་སྟོན་པ་ལྷ་བབས་ཀྱི་གནས་ཆེན་དུ་གསུང་ཆོས་བསྩལ་གནང་རྒྱུ།
2018.11.27
བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྟོན་པ་ལྷ་བབས་ཀྱི་གནས་ཆེན་དུ་གསུང་ཆོས་བསྩལ་གནང་རྒྱུ།
དེ་ཡང་རྒྱ་གར་བ་ནང་པའི་གཞོན་ནུ་ཚོགས་པ་ནས་གསོལ་འདེབས་ཞུས་བ་ལྟར། སྤྱི་ཟླ་༡༢པའི་ཚེས་༣ནས་༥བར། རྒྱ་གར་ཡོས་པེ་མངའ་སྡེའི་ནང་གི་ནང་པའི་གནས་ཆེན་སྟོན་པ་ལྷ་ལས་བབས་པའི་གནས་མཆོག་སིང་ཁ་སི་ས་གནས་སུ། བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཉིན་གསུམ་རིང་རྒྱལ་སྲས་ཞི་བ་ལྷས་མཛད་པའི་ བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་ཚུལ་རྒྱ་གར་མི་རིགས་ཚོར་བཀའ་ཁྲིད་གནང་གི་ཡོད་པར། ད་ལྟ་ནས་ས་གནས་སུ་རྒྱ་གར་བ་ཚོས་གྲ་སྒྲིག་འཐུས་ཚང་གནང་གི་ཡོད་པ་རེད། ༧གོང་ས་མཆོག་གི་ཧིན་རྡུའི་གསུང་བསྒྱུར་རྒྱ་གར་བ་ཀེ་ལ་ཤེ་ལགས་ནས། གསུང་ཆོས་ཞུ་མཁན་མང་ཆེ་བ་ལྷ་བབས་གནས་ཆེན་གཡས་གཡོན་གྱི་མི་མང་དང་། རྒྱ་གར་གྱི་ཧརི་ཡ་ནཱ་དང་པཎ་ལྗབ་མངའ་སྡེ། རཱ་ཇི་སི་ཐན་དང་བྷེ་ཧར། མ་ངྷི་ཡ་པུར་སྡེ་ཤེ་སོགས་ཀྱི་མངའ་སྡེ་ཁག་ནས་ཕེབས་ཀྱི་ཡོད་པ་དང་། ཆོས་ཞུ་བ་ཚོར་ཟ་མ་དང་སྡོད་གུར། ཁྲུས་ཁང་བསང་སྤྱོད་དང་ཉེར་མཁོའི་ཅ་ལག་བཅས་གྲ་སྒྲིག་འཐུས་ཚང་གནང་གི་ཡོད་ཁར། ཟླ་བ་ཁ་ཤས་ཀྱི་སྔོན་ནས་གྲོང་གསེབ་ཁག་ཧ་ཅང་མང་པོ་ལ་ཆེད་བསྐྱོད་ཀྱིས། ལག་ཁྱེར་སྤྲོད་པ་དང་། མི་མང་ལ་གསུང་ཆོས་སྐོར་ངོ་སྤྲོད་བྱེད་རྒྱུ། ༧གོང་ས་མཆོག་གི་ཆིབས་བསྒྱུར་སྐོར་སོགས་ཆ་ཚང་ངོ་སྤྲོད་བརྡ་ལན་ཕུལ་ཡོད། མི་མང་ལ་༧རྒྱལ་བ་རིན་པོ་ཆེ་མཇལ་རྒྱུ་དང་གཙོ་བོ་དེ་གསུང་ཆོས་ཞུ་རྒྱུ་ད་ལན་མ་ཞུས་ན་གོ་སྐབས་རག་གི་མ་རེད་བསམ་པའི་དགོངས་ཚུལ་ཡོད་པ་བཅས་ངོ་སྤྲོད་གནང་གི་འདུག
ད་དུང་ཁོང་གིས་གསུངས་ན། གསུང་ཆོས་དེ་ལ་ཡོས་པེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་བློན་ཆེན་རིམ་པ་ཁག་ཅིག ཕྱི་རྒྱལ་མི་རིགས་མང་པོ་ཕེབས་འཆར་ཡོད་པ་དེབ་འགོད་བྱས་ཡོད་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སངས་རྒྱས་ཤཱཀྱ་ཐུབ་པ་དགའ་ལྡན་ལྷ་ལས་བབས་པའི་གནས་མཆོག སང་ཁ་སི་ལ་ད་ལན་སྤྱོད་འཇུག་གསུང་ཆོས་སུ་ཕེབས་འཆར་ཡོད་པ་དེ། ས་གནས་དེ་ལ་ཆིབས་བསྒྱུར་ཐེངས་མ་གསུམ་པ་ཆགས་ཀྱི་ཡོད་པ་རེད།
གསར་འགོད་པ་བློ་བྷེ།