༧གོང་ས་མཆོག་གིས་མི་རིང་བར་རྒྱ་གར་ནུབ་བྷང་གྷལ་ས་ལུ་སྒར་དུ་ཆོས་འབྲེལ་སྩལ་འཆར་འདུག

2023.10.02
༧གོང་ས་མཆོག་གིས་མི་རིང་བར་རྒྱ་གར་ནུབ་བྷང་གྷལ་ས་ལུ་སྒར་དུ་ཆོས་འབྲེལ་སྩལ་འཆར་འདུག རྒྱ་གར་ནུབ་བྷང་གྷལ་མངའ་སྡེའི་ས་ལུ་སྒར་དུ་རྟེན་གཞི་བྱས་པའི་དཔལ་ལྡན་སྲད་རྒྱུད་མ་དགོན་གྲྭ་ཚང་།
པ་སངས་ཚེ་རིང་། /RFA

དེ་ཡང་རྒྱ་གར་ནུབ་བྷང་གྷལ་མངའ་སྡེའི་ས་ལུ་སྒར་དུ་རྟེན་གཞི་བྱས་པའི་དཔལ་ལྡན་སྲད་རྒྱུད་མ་དགོན་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༡༠ཚེས་༡༠ནས་༡༤བར་ཉིན་གྲངས་ལྔའི་རིང་འབྲས་ལྗོངས་མངའ་སྡེའི་ནང་གི་ཆོས་འབྲེལ་གྱི་མཛད་འཆར་ཁག་འགྲུབ་རྗེས། ཕྱི་ཚེས་༡༥ཉིན་གྱི་སྔ་དྲོ་མགོན་པོ་མཆོག་ས་ལུ་སྒར་དཔལ་ལྡན་སྲད་རྒྱུད་མ་དགོན་གྲྭ་ཚང་དུ་ཆིབས་བསྒྱུར་གྱིས་ཕྱི་ནང་གི་དད་ལྡན་པ་ཡོངས་ལ་ནང་ཆོས་ངོ་སྤྲོད་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་རྒྱུ་ཡིན་པ། སྲས་རྒྱུད་གྲྭ་ཚང་གི་མཁན་པོ་བློ་བཟང་དབང་འདུས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ས་ལུ་སྒར་ཁྲོམ་གཞུང་ནས་སྲས་རྒྱུད་གྲྭ་ཚང་བར་གྱི་ཕེབས་ལམ་དེ་ཙམ་གྱི་ཡག་པོ་མེད་པ་དང་། ད་རེས་ས་གནས་སུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་དང་འབྲེལ་རྒྱ་གར་ས་གནས་འབྲེལ་ཡོད་ལས་ཁུངས་ཀྱིས་ཕེབས་ལམ་བརྟན་པོ་བཟོ་སྐྲུན་གནང་བཞིན་ཡོད་པ་མ་ཟད་སྐུའི་སྲུང་ཆའི་གྲ་སྒྲིག་གང་ཡོང་གནང་བཞིན་ཡོད་འདུག

Sed-gyued (1).png

ས་ལུ་སྒར་དུ་ཆགས་པ་དཔལ་ལྡན་སྲད་རྒྱུད་མ་དགོན་གྲྭ་ཚང་དེ་བཞིན་མཁན་ཟུར་ཞིང་གཤེགས་དམ་པ་བྱམས་པ་དབང་རྒྱལ་རིན་པོ་ཆེ་མཆོག་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ཕྱི་ལོ་༢༠༠༡ལོར་དགོན་པ་གསར་བཞེངས་ལེགས་འགྲུབ་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་རབ་གནས་མཛད་ཡོད་འདུག
དཔལ་ལྡན་སྲད་རྒྱུད་གྲ་ཚང་དེ་ཉིད་ཐོག་མར་ཆགས་ཚུལ་ནི། ཕྱི་ལོ་༡༤༡༩ལོར་འཇམ་མགོན་བླ་མ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་སེ་ར་རྩེར་རྒྱུད་འགྲེལ་གྱི་ཆོས་འཁོར་བསྐོར་བའི་སྐབས་སུ། མ་འོངས་པར་གསང་སྔགས་ཀྱི་བསྟན་པ་བདག་ཉར་གནང་ཐུབ་མཁན་སུ་ཡོད་ཅེས། བཀའ་ཕེབས་པར་མཁས་པ་སུས་ཀྱང་བཀའ་ལན་འབུལ་མ་སྤོབས་པའི་ཚེ། རྗེ་བཙུན་ཤེས་རབ་སེངྒེས་ཚོགས་ཀྱི་དབུས་ནས་བཞེངས་ཏེ་ཕྱག་གསུམ་བཙལ་ནས་སྔགས་ཕྱོགས་ཀྱི་བསྟན་པ་ངོས་ཀྱི་བདག་ཉར་བྱ་ཀྱི་ཡིན་ཞེས་གསུངས་པས་ལོ་རྒྱུས་ཡོད་པ་དང་། སྐབས་དེ་དུས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་རྗེ་བཙུན་ཤེས་རབ་སེངྒེ་ལ་མ་འོངས་པར་གཙང་གི་ཕྱོགས་སུ་ཕེབས་ནས་རྒྱུད་ཀྱི་འཆད་ཉན་གྱི་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པའི་བཀའ་གནང་པ་བཞིན། ཁོང་གཙང་གི་ཕྱོགས་སུ་ཕེབས་ཡོད་པ་དང་སྐབས་དེ་དུས་ཁོང་གིས་སློབ་མའི་གཙོ་བོའི་གྲས་སུ་ཡིན་པ་རྗེ་འདུལ་བ་འཛིན་པ་དཔལ་ལྡན་བཟང་པོས་གཙང་གཡག་ཤིས་ཞེས་པའི་ལུང་པར་ཕྱི་ལོ་༡༤༢༨ལོའི་ཡས་མས་སུ་ཕྱག་བཏབ་པ་ཞིག་ཡིན་པ་སྲས་རྒྱུད་གྲྭ་ཚང་གི་མཁན་པོ་བློ་བཟང་དབང་འདུས་ལགས་ཀྱི་གསུངས་བྱུང་།
རྗེ་བཙུན་ཤེས་རབ་སེངྒེས་རྗེ་འདུལ་བ་འཛིན་པ་དཔལ་ལྡན་བཟང་པོ་ལ་རྒྱུད་ཀྱི་འཆད་ཉན་རྩིས་སྤྲོད་གནང་པའི་རྗེས། ཕྱི་ལོ་༡༤༣༣ལོར་དབུས་ལྷ་ས་ལ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་བཙུགས་ནས་མཁས་པ་དུ་མ་བྱུང་ཡོད་པ་མ་ཟད། དེའི་རྗེས་རྗེ་བཙུན་དཀུན་དགའ་དོན་སྒྲུབ་ཕེབས་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ཕྱག་བཏབ་པའི་ལོ་རྒྱུས་ཡོད་པ་རེད་འདུག བོད་ས་མ་ཤོར་གོང་དགོན་པ་དེ་དག་ནང་ཟླ་རེའི་སྒྲུབ་མཆོད་ཚོགས་པ་དང་ཆོ་ག་ཕྱག་ལེན་ཙམ་མ་གཏོགས་གཞུང་ཆེན་ཁག་ལ་སློབ་གཉེར་བྱ་རྒྱུའི་ཕྱག་སྲོལ་མེད་པ་རེད་ཡིན་ན་ཡང་། ཕྱིས་སུ་བཙན་བྱོལ་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་བཞིན་ད་ཆ་སྲད་རྒྱུད་གྲྭ་ཚང་དང་རྒྱུད་གྲྭ་སྟོད་སྨད་གཉིས་ནས་ཀྱང་གཞུང་ཆེན་ཁག་ལ་སློབ་གཉེར་གནང་བཞིན་ཡོད་པ་རེད་འདུག
དགོན་པ་དེའི་ནང་ད་ལྟའི་ཆར་གྲ་རྒྱུན་གྲངས་༡༠༠མ་ཟིན་ཙམ་ཡོད་པ་དང་། ཁོང་རྣམས་ཕལ་ཆེ་བ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་མི་རིགས་ཡིན་པ་རེད་འདུག ཁོང་ཚོར་སྔར་སྲོལ་ལོ་འཁོར་གཅིག་གི་སྒྲུབ་མཆོད་ཁག་དང་། དེ་བཞིན་དགོན་པའི་ཐུན་མོང་མ་ཡིན་པའི་ཆོ་ག་ཕྱག་ལེག་ཁག་དང་གཞུང་ཆེན་ཁག་ལ་སློབ་གཉིེར་གནང་པ་དང་མཉམ་དུ་འཛིན་རིམ་དང་པོ་ནས་བཅུ་པ་བར་གྱི་སློབ་གྲྭ་ཟུར་བཙུགས་ཀྱིས་དེང་དུས་ཀྱི་ཤེས་ཡོན་གྱི་མཐུན་རྐྱེན་ཡང་སྐྲུན་ཡོད་པ་རེད་འདུག
ཡང་ས་ལུ་སྒར་ཁུལ་དུ་བོད་མི་དང་བོད་དང་ཆོས་རྒྱུད་གཅིག་པ་ཡིན་པ་ནང་པའི་ཡུལ་མི་མང་པོ་ཞིག་གནས་སྡོད་བྱེད་བཞིན་ཡོད་དུས། དགོན་པའི་ངོས་ནས་མི་ཤི་སྐྱོན་ཆགས་བྱུང་སྐབས་ཞབས་བརྟན་སོགས་སྒྲུབ་གནང་གི་ཡོད་པ་མ་ཟད། རེས་གཟའ་ཉི་མ་ནམ་ཡིན་ལ་ནང་ཆོས་ལ་དོན་གཉེར་ཡོད་མཁན་ཚོ་ལ་ནང་ཆོས་འཛིན་གྲྭ་ཟུར་ཚོགས་གནང་་བཞིན་ཡོད་པ་གསུངས་བྱུང་།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་ལུ་སྒར་སྲད་རྒྱུད་གྲྭ་ཚང་དུ་ཆིབས་སྒྱུར་ཐེངས་དྲུག་ཙམ་བསྐྱངས་ཡོད་ཅིང་། ཐེངས་དང་པོ་དེ་བཞིན་ཕྱི་ལོ་༢༠༠༡ལོར་དགོན་པ་གསར་བཞེངས་ལེགས་གྲུབ་ཀྱི་རབ་གནས་དབུ་འབྱེད་མཛད་སྐབས་ཡིན་པ་རེད།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཚེ་དབང་དངོས་གྲུབ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎