༧གོང་ས་མཆོག་གིས་མིའི་སྤྱི་ཚོགས་བྱམས་བརྩེས་འཚོ་དགོས་པ་བཀའ་གནང་འདུག
2020.07.17
སེམས་ཅན་འབུ་སྲིན་གྱི་མཚོན་ཚང་མ་བརྩེ་བས་འཚོ་བསྡད་ཡོད་པས་བྱམས་བརྩེ་ཟེར་བ་དེ་ཚང་མར་དགོས་པ་ཞིག་ཡིན་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བསྩལ་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ནཱ་ལེནྜའི་སློབ་མའི་ཚོགས་པ་ཞེས་རྒྱ་གར་གྱི་ནང་པའི་ཚོགས་པ་ཞིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཕྱི་ཟླ་ ༧ ཚེས་༡༧ ནས་དབུ་འཛུགས་ཀྱིས་ཉིན་གྲངས་གསུམ་རིང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མ་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ལ་འཇུག་པའི་སྒོ་ནས་དྲ་ལམ་ཐོག་བཤད་འཁྲིད་ཉིན་གསུམ་རིང་སྩོལ་གནང་མཛད་པའི་ཉིན་དང་པོར་ནང་ཆོས་ཀྱི་སྤྱི་བཤད་དང་དབུ་མ་འཇུག་པའི་ལེའུ་དང་པོའི་ནང་གི་གཙོ་བོ་སྙིང་རྗེ་དང་ཤེས་རབ་ཟུང་དུ་འབྲེལ་ནས་ཉམས་ལེན་བྱེད་ཕྱོགས་སྐོར་བཀའ་གནང་ཡོད་པ་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐབས་བྱང་ཆུབ་ཀྱི་སེམས་དང་ཤེས་རབ་སྟོང་པ་ཉིད་ཟུང་དུ་འབྲེལ་བའི་ཐོག་ནས་ཉམས་ལེན་ཞིག་མ་འབྱུང་ན་འཕགས་པའི་གོ་འཕང་ཐོབ་ཐབས་མེད་པ་ཞིག་ཡིན་པར་བཀའ་གནང་པར་མ་ཟད། སྟོང་པ་ཉིད་དམ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཀྱི་རྣམ་བཞག་ནི་ཆོས་ཁས་མི་ལེན་ཚོས་ཀྱང་ཤེས་དགོས་པ་དང་ཉམས་ལེན་བྱེད་འོས་པ་ཞིག་ཡིན་པ་བཀའ་གནང་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཟག་དང་ཆོས་རྣམས་ཡུལ་རང་ངོས་ནས་གྲུབ་པ་མ་ཡིན་པར་ངེས་ཤེས་འདྲེན་ཐུབ་པ་ཞིག་འབྱུང་ན། རང་ཕྱོགས་ལ་སྡང་བ་དང་གཞན་ཕྱོགས་ལ་ཁྲོ་བའི་མི་དགེ་བའི་སེམས་མང་པོ་ཞིག་གི་འགོག་ཐུབ་པ་ཡོང་རྒྱུ་མ་ཟད། དེ་གཞན་ལ་ཕན་པའི་བསམ་པ་དང་ཟུང་དུ་འབྲེལ་ནས་ཉམས་ལེན་བྱེད་ཚེ་ནང་སེམས་ཀྱི་ཞི་བདེ་བཅོས་མིན་ཞིག་འབྱུང་ཐུབ་རྒྱུ་ཡིན་པ་བཀའ་གནང་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོས་ནས་སྟོང་པ་ཉིད་ཀྱི་དོན་ལ་ལོ་ངོ་དྲུག་བཅུ་ལྷག་རིང་དཔྱད་སྒོམས་ཕྱག་བཞེས་གནང་པ་དང་། བྱང་ཆུབ་ཀྱི་སེམས་ལ་ལོ་ངོ་ལྔ་བཅུ་ལྷག་རིང་ཕྱག་བཞེས་མཛད་པའི་ཐུགས་མྱོང་གི་ཐོག་ནས་བློ་དེ་གཉིས་ཀྱི་ཐོག་ནས་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་གསལ་པོར་གསུང་ཐུབ་ཀྱི་འདུག་ཅེས་བཀའ་གནང་ཡོད་ལ། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་བཅུ་ཕྲག་འགའ་ཤས་སྔོན་ནས་ཉིན་ཞིག་དབུ་མ་འཇུག་པའི་ནང་གི་བདག་མེད་པའི་དོན་དང་འབྲེལ་བའི་གསུང་ཞིག་མཇལ་སྐབས། ཨ་ཐད་ཀྱི་འཛིན་པའི་ང་དེ་རྩ་བ་ནས་མིན་འདུག་སྙམ་པའི་ཐུགས་རྟོགས་ཤུགས་ཆེ་ཞིག་འཁྲུངས་པའི་སྐོར་བཀའ་གནང་པ་དང་། གང་ཟག་གི་བདག་མེད་པ་རག་པའི་ཐུགས་རྟོགས་དེ་དུས་འཁྲུངས་ཡོད་པ་བཀའ་གནང་ཡོད་པ་རེད།
འདི་ཚེས་༡༨་དང་༡༩་གཉིས་ཀྱི་རིང་མུ་མཐུད་ནས་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་ཆོས་འབྲེལ་སྩལ་གནང་མཛད་རྒྱུ་ཡིན་པ་རེད།
དྲ་ཐོག་གི་གསུང་ཆོས་ཀྱི་དུས་ཚོད་དང་ཞིབ་ཕྲའི་གནས་ཚུལ་ཁག་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱ་ www.dalailama.com གྱི་ཐོག་ཐུགས་ཞིབ་གནང་རོགས་གནང་།