དབང་ཞུས་བ་དོན་དང་ལྡན་པ་ཞིག་ཡོང་བའི་འབད་བརྩོན་བྱེད་དགོས།
2015.05.12
བོད་མི་ཚོས་རྒྱབ་མདུན་མངོན་ལྐོག་མེད་པར་བསམ་པ་རྣམ་དག་གི་ཐོག་ནས་ལས་ཀ་བྱེད་དགོས་སྐོར་བཀའ་གནང་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་སུ་ཆགས་པ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ། དེ་རིང་ཕྱི་ཟླ་༥ཚེས་༡༢ཉིན་རྡུལ་མཚོན་དཀྱིལ་འཁོར་གྱི་སྒོ་ནས་དཔལ་གསང་བ་འདུས་པའི་དབང་ཆེན་དངོས་གཞི་སྩལ་གནང་མཛད་ཡོད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསང་སྔགས་ཀྱི་དབང་ཐོབ་པ་ཙམ་གྱི་མི་ཆོག་པར་རྒྱུད་ཐོག་ཏུ་ཉམས་ལེན་འཁེལ་ཐབས་ངེས་པར་བྱ་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་༥ཚེས་༡༠ཉིན་ནས་སྔོན་འགྲོའི་གསུང་ཆོས་དབུ་བཙུགས་མཛད་ཡོད་ཅིང་། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དང་དེ་བཞིན་གཉུགས་མར་གནས་པའི་དགོན་སྡེ་ཁག་གི་གྲྭ་བཙུན། གཞན་ཡང་བོད་མི་དང་ཕྱི་རྒྱལ་ཆོས་ཞུ་བ་སྔ་སྟོང་ལྷག་ཆེད་བཅར་ཞུས་ཡོད་ཅིང་། དེ་རིང་བཀའ་དབང་དངོས་གཞིའི་སྔོན་འགྲོའི་གསུང་བཤད་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་བཙན་བྱོལ་བ་ཚོས་འདས་པའི་ལོ་ལྔ་བཅུ་ལྷག་གི་དུས་ཡུན་དེའི་རིང་བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གང་ཐུབ་བྱས་ཡོད་པ་བཀའ་གནང་པ་དང་ཆབས་ཅིག སླད་མར་ཡང་བོད་མི་ཚོས་རྒྱབ་མདུན་ངོ་ལྐོག་མེད་པར་བསམ་པ་རྣམ་དག་གི་ཐོག་ནས་ལས་ཀ་བྱེད་དགོས་སྐོར་ཡང་བཀའ་གནང་ཡོད་པ་རེད།
སང་ཉིན་ཕྱི་ཚེས་༡༣ ཉིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུ་ཚེ་བརྟན་པའི་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས།