༧གོང་ས་མཆོག་གིས་དད་ལྡན་ཆིག་ཁྲི་ལྷག་ལ་བདེ་མཆོག་ནག་པོ་བའི་བཀའ་དབང་བསྩལ་སོང་།

2023.03.09
༧གོང་ས་མཆོག་གིས་དད་ལྡན་ཆིག་ཁྲི་ལྷག་ལ་བདེ་མཆོག་ནག་པོ་བའི་བཀའ་དབང་བསྩལ་སོང་། ༧གོང་ས་མཆོག་གིས་དད་ལྡན་ཆིག་ཁྲི་ལྷག་ལ་བདེ་མཆོག་ནག་པོ་བའི་བཀའ་དབང་བསྩལ་སྐབས། ༠༣།༠༩།༢༠༢༣
OHHDL

བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ཟླ་༣པའི་ཚེས་༩ཉིན། ཕྱི་སོག་རྒྱལ་ཁབ་ཀྱི་དགའ་ལྡན་ཐེག་ཆེན་གླིང་གིས་གསོལ་འདེབས་ཞུས་པའི་ངོར། ཁལ་ཁ་༧རྗེ་བཙུན་དམ་པ་རིན་པོ་ཆེ་ཡི་ཡང་སྤྲུལ་རིན་པོ་ཆེ་གཙོ་བོར་བྱས་ཏེ། ཨུ་རུ་སུ་དང་སོག་ཡུལ་གྱི་སོག་རིགས་ཉིས་སྟོང་བརྒལ་བ་དང་། བོད་མི་དང་ཕྱི་རྒྱལ་མི་རིགས་བཅས་ཆིག་ཁྲི་ཉིས་སྟོང་བརྒལ་བར་དཔལ་འཁོར་ལོ་བདེ་མཆོག་ནག་པོ་བའི་ལུགས་ཀྱི་བཀའ་དབང་སྩལ་གནང་མཛད་སོང་ལ། སྐབས་དེར་༧གོང་ས་མཆོག་གིས། ང་ཚོས་རང་རྒྱུད་ལ་ཡོད་པའི་རང་གཅེས་འཛིན་དང་། བདེན་གྲུབ་ཨ་འཐས་ཀྱི་འཛིན་པ་དེ། ག་ཚོད་ཐུབ་ཐུབ་ཀྱིས་ཉིན་རེ་བཞིན་དུ་བསམ་བློ་བཏང་སྟེ་ཤུགས་བཅག་པའི་ཉམས་ལེན་བྱས་ན། ཁྱེད་རང་ཚོ་༧རྒྱལ་བ་རིན་པོ་ཆེའི་སློབ་མ་ཆགས་པ་རེད། ཅེས་དང་། གསང་སྔགས་ཀྱི་ཆོས་ཟེར་བ་ནི་གསང་ཞིང་སྦས་པའི་སྒོ་ནས་མངོན་ཆུང་གིས་ཉམས་ལེན་བྱེད་དགོས་པ་དང་། ཐ་མལ་གྱི་སྣང་ཞེན་ལས་ཡིད་སྐྱོབ་པའི་དོན་ཡིན་པ་སོགས་བཀའ་གནང་སོ་ང།

dalai lama Chakrasamvara Empowerment in the Krishnacharya Tradition  (1).jpg
བདེ་མཆོག་ནག་པོ་བའི་བཀའ་དབང་ནི། བོད་བརྒྱུད་ནང་བའི་བསྟན་པ་ལས་གསང་སྔགས་ཀྱི་བཀའ་དབང་ཧ་ཅང་དཀོན་པོ་ཞིག་ཡིན་པར་བརྟེན། བཀའ་དབང་འདི་ཐོབ་པར་ཕྱི་ནང་གི་མི་རིགས་ཧ་ཅང་མང་པོས་བསྐལ་བཟང་དུ་ཤུགས་ཆེར་ཚོར་གྱི་ཡོད་པ་ལས། ཨ་མི་རི་ཀའི་ཨ་ལ་སི་ཀ་མི་ལ་རས་པ་དགོན་པ་ནས་ཡིན་པ། ཕྱི་རྒྱལ་མི་རིགས་ཆོས་ཞུ་བ་རྡོ་རྗེ་སེང་གེ་ལགས་ནས། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་རྗེས། བོད་མི་ཚོས་ལེགས་སྦྱར་གྱི་ཆོས་རྒྱུད་རྒྱུད་འཛིན་གཙང་མ་གནང་སྟེ། ད་ཆ་རྒྱ་གར་ལ་ཕྱིར་རྩིས་འབུལ་གནང་བཞིན་པར་རིམ་པ་མང་པོ་ཞིག་ཡོད་པ་ལས། དམིགས་བསལ་བདེ་མཆོག་གི་ཆོས་རྒྱུན་གཙང་མ་འདི་འདྲ་ངོ་མཚར་ཆེན་པོ་དང་ཧ་ལས་པ་རེད། ༧གོང་ས་མཆོག་དགུང་ལོ་མཐོན་པོ་ཡིན་པས་བཀའ་དབང་འདི་འདྲ་ཐོབ་པར་ང་ཚོ་ཧ་ཅང་བསོད་ནམས་ཆེན་པོ་རེད། ནུབ་ཕྱོགས་སུ་བཀའ་ཆོས་སྤུས་དག་འདི་འདྲ་འཐོབ་རྒྱུ་དཀའ་ལས་ཁག་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཡང་བོད་མི་བསྟན་འཛིན་ཆོས་དབྱིངས་ལགས་ནས་དབང་འདི་ཐོབ་པར་ཧ་ཅང་དགའ་སྤྲོ་དང་། དབང་གི་དུས་ཚོད་ཤིན་ཏུ་རིང་པོ་འདུག་པས་འབྱུང་འགྱུར་༧གོང་ས་མཆོག་གིས་སྐུ་ངལ་མང་ཙམ་གསོ་བའི་རེ་བ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཕྱི་སོག་གི་ཆོས་ཞུ་བ་དང་སེར་བྱེས་གྲྭ་ཚང་གི་དགེ་འདུན་པ་བསྟན་འཛིན་དོན་ལྡན་ལགས་ནས། ༧གོང་ས་མཆོག་སངས་རྒྱས་མངོན་སུམ་པའི་མདུན་ནས་བཀའ་དབང་ཐོབ་པར། སོ་སོ་ལ་སེམས་ནང་དགའ་སྣང་དང་སྤྲོ་སྣང་དམིགས་བསལ་བྱུང་བ་འགྲེལ་བརྗོད་གནང་གི་འདུག
བཀའ་དབང་འདི་ནི་སོག་པོ་དང་བོད་ཀྱི་བླ་སྤྲུལ་ཁག་ཅིག་གིས་ཆེད་དུ་ཞུས་པ་ཡིན་ནའང་། དབང་རྒྱུན་ཤིན་ཏུ་དཀོན་པོ་དང་༧གོང་ས་མཆོག་གྲུབ་ཆེན་ནག་པོ་བའི་སྐུ་སྐྱེ་བཞེས་པ་ཞལ་བཞེས་ཡོད་པ་སོགས་ལ་བརྟེན། ཆོས་ཞུ་ལ་དམིགས་བསལ་རྒྱལ་ཁབ་༦༦ནས་ཕྱི་ནང་གི་མི་མང་ཆིག་ཁྲི་ཉིས་སྟོང་ལྷག་འདུས་ཡོད་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎