གཞིས་བྱེས་བོད་མི་ཚོས་མུ་མཐུད་དུ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་སློབ་གཉེར་བྱེད་གལ་ཆེ། ༧གོང་ས་མཆོག་གིས།
ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གིས་བོད་དབང་བསྒྱུར་བྱས་ཡོད་ཀྱང་འབྱུང་འགྱུར་ཆོས་ཕྱོགས་ཀྱི་ལམ་ནས་བོད་མིས་རྒྱ་མི་རིགས་སྣེ་ཁྲིད་བྱ་རྒྱུའི་ནུས་པ་དང་གོ་སྐབས་ཡོད་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བསྩལ་སོང་།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། བླ་མ་བཟོད་པ་རིན་པོ་ཆེ་དང་ཁོང་གི་ཆོས་ཚོགས་ཐེག་ཆེན་འཛིན་སྐྱོང་ཚོགས་པ་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཟླ་བ་འདིའི་ཚེས་༨རེས་གཟའ་ཟླ་བའི་ཉིན། བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་དྲ་ལམ་ཐད་གཏོང་བརྒྱུད། ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་ལྟ་མགུར་ཨ་མ་ངོས་འཛིན་གྱི་གསུང་ཆོས་སྩལ་བའི་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐོག་མར་གཞི་བྱེས་བོད་མི་ཡོངས་ལ་ལོ་གསར་འཚམས་འདྲི་མཛད་པ་དང་སྦྲགས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་མུ་མཐུད་དུ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་རྒྱུན་འཛིན་དང་། དེ་དག་ལ་སློབ་གཉེར་བྱ་དགོས་གལ་ཆེ་བའི་སྐོར་བཀའ་གནང་ཞིང་། ཆབ་སྲིད་ཀྱི་ཐོག་ནས་བོད་རྒྱ་ནག་གིས་དབང་བསྒྱུར་བྱས་ཡོད་ཀྱང་འབྱུང་འགྱུར་ཆོས་ཕྱོགས་ཀྱི་ལམ་ནས་བོད་མིས་རྒྱ་མི་རིགས་སྣེ་ཁྲིད་བྱ་རྒྱུའི་ནུས་པ་དང་གོ་སྐབས་ཡོད་པ་བཀའ་གནང་སོང་།
ཡང་སྐབས་དེར་ལྟ་མགུར་ཨ་མ་ངོས་འཛིན་གྱི་གསུང་ཆོས་གྲུབ་མཚམས་སུ་སེངྒ་པུར་གནས་བཞུགས་བཙུན་མ་བསྟན་འཛིན་ཚུལ་ཁྲིམས་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། ནང་ཆོས་ལ་དད་པ་བྱེད་མིན་ལ་མ་ལྟོས་པར། ནད་ཀྱིས་མནར་ཏེ་ཐ་ན་འཆི་ལ་ཉེ་བའི་དུས་སྐབས་སུ། འགྲོ་བ་མི་ཕན་ཚུན་རོགས་རམ་ཇི་ལྟར་གནང་དགོས་པ་བཀའ་འདྲི་དགོངས་སྐོར་ཞུ་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། རང་ཉིད་ཆོས་དད་ཡོད་མིན་ལ་མ་ལྟོས་པར་འཆི་ལ་ཉེ་བའི་མི་དེ་གཙོ་བོ་སེམས་ལྷོད་ལྷོད་གནས་ཐབས་ལ་འབད་དགོས་གལ་ཆེ་བ་ཞེས་བཀའ་གནང་སོང་།
དེ་བཞིན་སྐབས་དེར་ཨ་མི་རི་ཀའི་གྲོང་ཁྱེར་(Portland)གནས་བཞུགས་(Sango)ཟེར་བའི་སྐྱེས་པ་ཞིག་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། འཛམ་གླིང་ས་ཕྱོགས་གང་སར་ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་ཁྱབ་སྤེལ་འགྲོ་བཞིན་པ་དང་མཉམ་དུ་དྲག་རྩུབ་ཀྱི་གནས་ཚུལ་མང་པོ་ལྷག་གི་ཡོད་པའི་དུས་འདིར། སྙིང་རྗེ་དང་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཇི་ལྟར་གནང་དགོས་པའི་སྐོར་བཀའ་འདྲི་དགོངས་སྐོར་ཞུ་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་འདིའི་ནང་རྙོག་དྲ་མང་པོ་ཞིག་འགྲོ་བ་མི་གཅིག་འགྱུར་གྱི་བསམ་བློ་འདང་གི་མེད་པའི་དབང་གིས་ཡོང་གི་ཡོད་པ་དང་། ཇི་ཙམ་གྱི་དྲག་པོ་བྱེད་པ་དང་དམག་འཁྲུག་རྒྱབ་པ་ཡིན་ན། དོན་དངོས་ཐོག་ཕན་ཐོག་གང་ཡང་མེད་ཅིང་། ཚང་མ་གཅིག་འགྱུར་གྱི་འདུ་ཤེས་བཟུང་པ་ཡིན་ན་སྤྱི་ལ་ཕན་ཐོགས་ཡོང་ངེས་ཡིན་ཞེས་བཀའ་གནང་སོང་།
གོང་ཞུས་ཐེག་ཆེན་འཛིན་སྐྱོང་ཚོགས་པ་འམ་(Foundation for the Preservation of the Mahayana Tradition)ཞེས་པའི་ཆོས་ཚོགས་དེ་ནི། བླ་མ་ཐུབ་བསྟན་ཡེ་ཤེས་ལགས་དང་། བླ་མ་བཟོད་པ་རིན་པོ་ཆེ་རྣམ་གཉིས་མཉམ་འབྲེལ་གྱི་ཐོག་ནས་གསར་འཛུགས་གནང་བ་ཞིག་ཡིན་འདུག་ཅིང་། ད་ཆ་ཆོས་ཚོགས་དེ་ཉིད་ཀྱི་ཁྱབ་ཁོངས་འོག་ཏུ་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་། ལས་གཞི། དེ་བཞིན་ལྟེ་གནས་ཁང་སོགས་མི་འདྲ་བ་༡༦༠ ལྷག་ཡོད་འདུག
མཛད་འཆཪ་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཉེན་རྟོག་པ་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ལོ་༢༠༢༡ཟླ་བ་༢ཚེས་༡༧ཉིན་རྒྱ་གར་གྱི་སྔ་དྲོའི་ཆུ་ཚོད་༩ནས་༡༠པའི་བར་ཉེན་རྟོག་པའི་ལས་འགན་ནང་དུ། གཞན་གྱི་སྡུག་བསྔལ་ལ་སེམས་ཁུར་དང་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་དང་། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་སྐད་དང་། དབྱིན་སྐད། རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་འཆར་འདུག