བོད་ཀྱི་ཆོས་དང་རིག་གཞུང་རྒྱ་ནག་གུང་ཁྲན་གྱིས་རྩ་མེད་བཟོ་རྒྱུའི་འབད་བརྩོན་བྱས་ཡོད་ཀྱང་འགྲུབ་མེད་ལ་ནམ་ཡང་འགྲུབ་ཐུབ་ཀྱི་མ་རེད། ༧གོང་ས་མཆོག་གིས།

2022.10.24
བོད་ཀྱི་ཆོས་དང་རིག་གཞུང་རྒྱ་ནག་གུང་ཁྲན་གྱིས་རྩ་མེད་བཟོ་རྒྱུའི་འབད་བརྩོན་བྱས་ཡོད་ཀྱང་འགྲུབ་མེད་ལ་ནམ་ཡང་འགྲུབ་ཐུབ་ཀྱི་མ་རེད། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་རྣམས་ལ་མཇལ་ཁའི་སྐབས་བཀའ་བསྩལ་སྐབས། ༡༠།༢༤།༢༠༢༢
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༢༤ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱ་ཡུལ་གྲུ་ཁག་ནས་ཕེབས་པའི་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་རྣམས་ལ་མཇལ་ཁ་བསྩལ་ཡོད་པ་དང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས་བོད་ཕྲུག་ཚོ་ལ་བོད་པའི་སློབ་གྲྭ་ཟུར་དུ་དགོས་པ་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་ལ་ཞུས་པ་བཞིན་ཁོང་གིས་ཀྱང་རྒྱབ་སྐྱོར་གནང་པའི་ཐོག་བོད་ཕྲུག་ཚོའི་ཆེད་དུ་སློབ་གྲྭ་ཟུར་དུ་འཛུགས་ཐུབ་པ་བྱུང་ཡོད་སྐོར་དང་། སྔར་བོད་ཀྱི་ཆོས་རྒྱལ་གོང་མ་རྣམས་ཀྱིས་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་བོད་ཡིག་ནང་བསྒྱུར་ཐུབ་པ་བྱུང་ཡོད་པ། ད་ལྟ་ང་ཚོའི་ཆབ་སྲིད་ཀྱི་རང་དབང་ཤོར་ཡོད་ན་ཡང་བོད་ཀྱི་ཆོས་དང་རིག་གཞུང་བོད་ནང་གི་རྒྱ་ཆེ་མི་མང་གིས་སེམས་ཤུགས་ཆེན་པོས་བདག་ཉར་བྱས་ནས་བསྡད་ཡོད། དེ་བཞིན་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་མི་མང་གི་ངོས་ནས་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡོང་བསྡད་འདུག ངོས་རང་ས་གནས་ཁག་ལ་ཕྱིན་པའི་སྐབས་ཁོང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཆེན་པོ་བྱེད་བཞིན་འདུག ཁོང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱས་བསྡད་འདུག བློ་བདེ་པོ་བྱུང་། ཅེས་དང་། དེ་བཞིན་ཡང་མགོན་པོ་གང་ཉིད་མཆོག་གིས། བོད་ཀྱི་ཆོས་དང་རིག་གཞུང་རྒྱ་ནག་གུང་ཁྲན་གྱིས་རྩ་མེད་བཟོ་རྒྱུའི་འབད་བརྩོན་བྱས་ཡོད་ཀྱང་དེ་འགྲུབ་མེད་ལ་ཇི་ཙམ་བྱས་ཀྱང་དེ་ནམ་ཡང་འགྲུབ་ཐུབ་ཀྱི་མ་རེད། ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་དེ་བསྐལ་བ་ཇི་སྲིད་བར་དུ་གནས་ཀྱི་རེད་ཅེས་བཀའ་བསྩལ་འདུག
མཐའ་མཇུག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་ནག་གུང་ཁྲན་གྱིས་བོད་ལ་དབང་བསྒྱུར་བྱས་ཀྱང་སེམས་ཁམས་རིག་པ་དང་བསམ་བློའི་ཐོག་ནས་བོད་པས་རྒྱ་མིར་དབང་སྒྱུར་བའི་དུས་ཞིག་ཏན་ཏན་ཡོང་ངེས་ཡིན་པ་དང་། གལ་ཆེ་ཤོས་ང་རང་ཚོས་ཆོས་དང་རིག་གཞུང་ལ་དོ་སྣང་དང་སེམས་ཁམས་རིགས་པ་དང་འབྲེལ་བའི་བོད་ཀྱི་རིག་གཞུང་བདག་ཉར་དང་འཛམ་གླིང་འདིའི་སྟེང་ཁྱབ་གདལ་གནང་ཐུབ་པ་ཞིག་བྱེད་དགོས་སྐོར་བཀའ་བསྩལ་འདུག
ཟླ་བ་འདིའི་ཕྱི་ཚེས་༢༦ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ཕྲུག་ཁྱིམ་སྡེའི་སློབ་ཟུར་ཡོངས་དང་། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་ཐུན་མོང་ནས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག།

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎