༧གོང་ས་མཆོག་གི་སྐུ་པར་ཕབ་ནས་རྒྱ་ནག་གི་འགོ་ཁྲིད་ཀྱི་པར་བཤམ་འཇུག་གི་ཡོད་འདུག
2019.01.17
རྒྱ་ནག་གིས་བོད་ཤར་ཕྱོགས་སུ་བོད་མིའི་དུད་ཁྱིམ་ཁག་གཅིག་ལ་༧གོང་ས་མཆོག་གི་སྐུ་པར་ཕབ་བཅུག་ནས་ཞི་ཅིན་པིང་གཙོས་རྒྱ་ནག་གི་འགོ་ཁྲིད་ཚོའི་པར་བཤམ་ནས་ཕྱག་འཚལ་འཇུག་གི་ཡོད་འདུག
དེ་ཡང་བོད་ཤར་ཕྱོགས་གསེར་རྟ་རྫོང་གི་བོད་མིའི་དུད་ཁྱིམ་ཁག་གཅིག་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཆོད་བཤོམ་ནས་ཕབ་བཅུག་པ་དང་། དེའི་ཚབ་ཏུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་(XiJinping) ལ་སོགས་པའི་རྒྱ་ནག་གི་འགོ་ཁྲིད་ཁག་གི་འདྲ་པར་བཤམ་བཅུག་ནས་དེ་ལ་ཕྱག་འཚལ་འཇུག་གི་ཡོད་པ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིག་མེད་ལགས་ཀྱིས་གསུངས་པ་ཕྱི་ཟླ་ ༡ ཚེས་ ༡༥ ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤྱི་བསྒྲགས་ཤིག་སྤེལ་བ་དེའི་ནང་བཀོད་འདུག
དེ་བཞིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ནང་གི་བོད་མི་ཞིག་ལ་གནས་ཚུལ་འདིའི་ཐད་འདྲི་རྩད་བྱས་སྐབས་ཀྱང་། ཁོང་གིས། ཁོ་རང་ཡོད་སའི་མདོ་སྟོད་སྨད་ཕྱོགས་སུ་རྒྱ་ནག་གིས་ཆོག་མཆན་སྤྲད་པའི་གཞུང་སྒེར་གང་རུང་གི་སློབ་གྲྭ་དང་ལས་ཁུངས། ཚོགས་སྡེ་ཁག ད་དུང་དབུལ་སྐྱོར་རོགས་དངུལ་སྤྲོད་བཞིན་པའི་ཁྱིམ་ཚང་ཁག་བཅས་ཀྱི་ནང་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་པིང་གཙོས་འགོ་ཁྲིད་ལྔ་ཡོད་པའི་པར་ཞིག་རིན་མེད་སྤྲོད་བཞིན་པ་དེ་བཤམ་དགོས་ཀྱི་ཡོད་པ་འགྲེལ་བརྗོད་གནང་ཞིང་། འོན་ཀྱང་མཆོད་བཤོམ་ལ་སྒྲིག་ནས་ཕྱག་འཚལ་དགོས་བ་དེ་འདྲ་མཐོང་ཐོས་མ་བྱུང་བ་བརྗོད་བྱུང་།
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཊོན་(Washington) དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༡༠ནས་༡༤ ་བར་བོད་ཀྱི་རྒྱལ་ས་ལྷ་སར་ཉིན་བཞིའི་རིང་ཚོགས་པའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅིུག་པའི་ཚོགས་འདུའི་སྐབས། བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཆེ་དགྲ་ལྷའི་གཏམ་བཤད་ཀྱི་ནང་དོན་སྐོར་བཀོད་པའི་སྤྱི་བསྒྲགས་ནང་། སྐབས་དེའི་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཆེ་དགྲ་ལྷས་རྒྱལ་ནང་དང་ཕྱི་ཕྱོགས་ནས་ཁ་བྲལ་གྱི་བྱ་སྤྱོད་དང་སིམ་འཛུལ། ངན་བྱུས་ཀྱི་བྱེད་བབས་ཁག་ལ་དོ་ནན་གྱིས་འགོག་རྒོལ་བྱེད་རྒྱུ་ཡིན་པ་བརྗོད་ཡོད་ཅིང་། འདི་ནི་རྒྱ་ནག་གི་འགོ་ཁྲིད་ཚོའི་ཆབ་སྲིད་གཏམ་བཤད་ནང་གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་དོན་རྒྱབ་སྐྱོར་བ་ཚོར་དམིགས་པ་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ད་དུང་༢༠༡༩་ལོ་ནི་བོད་མིའི་རང་དབང་སྒེར་ལངས་བྱས་ནས་ད་བར་མི་ལོ་༦༠་འཁོར་བ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་མི་ལོ་༧༠་འཁོར་བ་བཅས་ལ་འཁེལ་བར་བརྟེན་རྒྱ་ནག་གིས་བོད་ནང་དམིགས་བསལ་དམ་དྲག་གི་རྣམ་པ་ཐོན་བཞིན་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་གནས་ཚུལ་ནང་འཁོད་ཡོད་པ་རེད།
དེ་བཞིན་བོད་ནས་སྤེལ་བའི་རྒྱ་ནག་གི་གསར་ལམ་དུ། འདི་ལོ་༢༠༡༩ ལོའི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་ཟེར་བ་དེ་ཕྱི་ཟླ་དང་པོའི་ཚེས་༡༠ དང་། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ཟེར་བ་ཕྱི་ཟླ་དང་པོའི་ཚེས་༩ བཅས་སོ་སོར་བོད་ཀྱི་ལྷ་སར་ཚོགས་ཏེ་ད་ཆ་མཇུག་སྒྲིལ་ཡོད་པ་དང་ཚོགས་ཆེན་དེ་གཉིས་ཀྱི་ཐོག་སྐུ་ཚབ་འཐུས་མི་༣༧༨སླེབས་ཡོད་པའི་སྐོར་བཀོད་ཡོད་པ་རེད།