༧གོང་ས་མཆོག་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཕེབས་པ།
2016.05.16
༧གོང་ས་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ནས་ཐུགས་སྨོན་གནང་པ།
དེ་ཡང་གནས་ཚུལ་ལྟར་ན། ཕྱི་ལོ་༢༠༡༦་ལོའི་ཟླ་༥་བའི་ཚེས་༡༦་བོད་ཟླ་ས་ག་ཟླ་བའི་ཚེས་༡༠་ཉིན། ༧གོང་ས་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་བཞིན་པའི་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་ཐོག་ཐུགས་སྨོན་སྐྱབས་འཇུག་རྒྱ་གང་ཆེ་མཛད་ཡོད་པ་རེད།
ཉིན་འདི་ཚོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་དང་། བསྟན་སྲིད་སྤྱིའི་བདེ་ཐབས་ཀྱི་ཆེད་ཉིན་བཅུའི་རིང་མ་ཎི་དུང་སྒྲུབ་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་མ་ཎི་རིལ་སྒྲུབ་ཀྱི་ཞབས་རིམ་གསོག་སྒྲུབ་གནང་བཞིན་པ་རེད།
སྤྱིར་མ་ཎི་དུང་སྒྲུབ་ལོ་ལྟར་ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་གྱི་སྐབས་སྒྲུབ་སྲོལ་ཡོད་པ་མ་ཟད། ༧གོང་ས་མཆོག་གི་གཟིམ་ཆུང་ནང་བཞུགས་པའི་སྐྱིད་གྲོང་ཇོ་བོ་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ་སྤྱན་རས་གཟིགས་ཀྱི་ཆོ་གའི་སྒོ་ནས་མ་ཎི་རིལ་བུ་གསོག་སྒྲུབ་གནང་སྲོལ་ཡོད།
སྤྱི་ནོར་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀ་གཙོས་ཉི་ཧོང་ནང་ཉིན་གྲངས་ལྔའི་རིང་གི་ཆོས་འབྲེལ་མཛད་འཕྲིན་ཁག་ལེགས་པར་འགྲུབ་ནས། འདི་ཚེས་༡༥་ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་གནང་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོན།