༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བདེ་སྐྱིད་བསྐྲུན་ཐབས་ཐད་བཀའ་སློབ་སྩལ་འདུག
2018.06.25

བོད་ཀྱི་དབུ་ཁྲིད༧གོང་ས་མཆོག་གིས་བདེ་སྐྱིད་དང་བདེ་ཐབས་ཞེས་པའི་ལྷན་ཚོགས་ཐོག་དྲ་ལམ་བརྒྱུད་བཀའ་སློབ་གསུང་བཤད་གནང་འདུག
དེ་ཡང་རྒྱ་གར་རྡ་རམ་ས་ལ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཀྲའོ་ལི་ཡའི་གྲོང་ཁྱེར་སིད་ནེ་ནང་འཚོགས་བཞིན་པའི་བདེ་སྐྱིད་དང་བདེ་ཐབས་ཞེས་པའི་ལྷན་ཚོགས་ཐོག་དྲ་ལམ་བརྒྱུད་བཀའ་སློབ་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་ཟླ་བ་འདིའི་ཕྱི་ཚེས་ ༢༥ ནས་ ༢༦ བར་ཉིན་གྲངས་ ༢ རིང་ཨོ་སི་ཀྲའོ་ལི་ཡའི (Australia)་གྲོང་ཁྱེར་སེཌ་ནེ་(Sydney)་ནང་འཚོགས་བཞིན་པའི་(Happiness and Wellbeing) ཞེས་བདེ་སྐྱིད་དང་བདེ་ཐབས་ཞེས་པའི་ལྷན་ཚོགས་ཐོག་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༦ ཚེས་ ༢༥ ཉིན་རྒྱ་གར་རྡ་རམ་ས་ལ་ནས་དྲ་ལམ་བརྒྱུད་བཀའ་སློབ་གསུང་བཤད་གནང་ཡོད་པ་དང་། དུས་ཡུན་ཆུ་ཚོད་ ༡ ཙམ་གྱི་རིང་ཚོགས་བཅར་བ་མི་གྲངས་ ༢༠༠༠ ཙམ་ལ་ "Happiness & Its Causes" བདེ་སྐྱིད་དང་དེའི་འབྱུང་ཁུངས་ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་དང་དྲི་བར་བཀའ་ལན། དམིགས་བསལ་རྒྱུན་དུ་མགོན་པོ་གང་ཉིད་ཀྱི་ཐུགས་སྐྱེད་དམ་བཅའ་གསུམ་དང་ཡང་ན་ཐུགས་འགན་གསུམ་གྱི་སྐོར་འགྲེལ་བརྗོད་བཀའ་སློབ་གནང་སྐབས་མི་གྲངས་ཁྲི་ཚོ་མང་པོ་ཡང་དྲ་ལམ་ནས་མཉམ་ཞུགས་གནང་འདུག
ཐོག་མར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ངའི་ལོ་ཚོད་ཀྱི་རྐྱེན་པས་རྒྱ་གར་ནས་ཨོ་སི་ཀྲོའོ་ལི་ཡ་བར་འགྲུལ་བཞུད་བར་ཐག་རིང་བའི་རྐྱེན་གྱིས་དཀའ་ངལ་ཆེན་པོ་ཡོད་སྟབས། ཁྱེད་ཚོའི་ཡིད་དུ་འོངས་པའི་ས་ཆ་དེར་ཡོང་མ་ཐུབ་པར་བཟོད་གསོལ་ཞུ་རྒྱུ་ཡིན།
འོན་ཀྱང་དེང་རབས་ཀྱི་ཚན་རྩལ་བརྒྱུད་བར་ཐག་ཉེ་པོའི་ཐོག་ནས་ང་ཚོའི་བར་བགྲོ་གླེང་བྱེད་ཐུབ་ཀྱི་ཡོད་པ་རེད། དེ་སྔོན་ལུང་པ་གཞན་པ་དེ་འདྲ་ལའང་དྲ་ཐོག་ནས་བགྲོ་གླེང་ཚོགས་འདུ་དེ་འདྲ་ཁ་ཤས་བྱས་པ་ཡིན་ཞེས་གསུངས།
བགྲོ་གླེང་མདོ་འཛིན་པ་ལྕམ་ནིང་ཐཱ་ཤཱ་ལགས་ཀྱིས་མང་གཙོའི་ལམ་སྲོལ་གཞིར་བཟུང་ཚོགས་ཞུགས་པ་རྣམས་ཀྱིས་དྲི་བ་ག་རེ་ཞུ་དགོས་མིན་དྲ་ཐོག་ནས་འོས་བླུག་གི་ཡོད་སྐོར་དང་། དྲི་བ་དང་པོ། ང་ཚོ་རང་ཉིད་ཀྱི་བདེ་སྐྱིད་ཐོག་ནས་འཛམ་བུ་གླིང་འདི་ནང་ཐག་རིང་ནས་སྡུག་
བསྔལ་མྱོངས་བཞིན་པ་དེ་ཚོར་ཕན་ཐོགས་གང་འདྲ་བྱེད་ཐུབ་ཀྱི་ཡོད་མེད་བཀའ་འདྲི་ཞུས་སྐབས། ༧གོང་ས་མཆོག་གིས། ཁྱེད་རང་གི་དྲི་བ་དེ་ཧ་ཅང་གལ་ཆེན་པོ་རེད། ངས་ཀྱང་ང་ཚོའི་མི་ཚེའི་དམིགས་མདུན་གཙོ་བོ་ནི་བདེ་སྐྱིད་རེད་བསམས་ཀྱི་ཡོད། རྒྱུ་མཚན་ནི་མ་འོངས་པར་སྡུག་བསྔལ་ད་དུང་ཡོང་གི་རེད། གཏན་འཁེལ་གང་ཡང་ཡོད་མ་རེད། འོན་ཀྱང་ང་ཚོ་རྩ་བའི་རེ་བ་གཅིག་གི་སྒང་ལ་བསྡད་ཀྱི་ཡོད་པ་རེད། གལ་སྲིད་མི་ཞིག་གི་རེ་བ་ཡོངས་སུ་བརླག་ཚར་རྗེས། མཐོང་རྒྱ་ཆུང་ཆུང་ཆགས་ནས། ཆང་རག་མང་པོ་འཐུང་བ་དང་སྡུག་ས་ནས་བཤད་ན་རང་སྲོག་བཅད་པ་ཡང་ཡོང་གི་ཡོད་པ་རེད།
ངའི་བསམས་པར་ང་ཚོའི་མི་ཚེའི་དམིགས་འདུན་གཙོ་བོ་ནི་སྤྲོ་སྣང་ལྡན་པའི་མི་ཚེ་ཞིག་སྐྱེལ་རྒྱུ་དེ་ཡིན་ཞིང་། འགྲོ་བ་མི་ཐེར་འབུམ་བདུན་ཙམ་ཡོད་པ་ཚང་མ་ལ་སྐྱིད་པོ་བྱས་ནས་སྡོད་རྒྱུའི་ཐོབ་ཐང་ཡོད་པ་རེད། དེང་རབས་ཀྱི་ཤེས་ཡོན་དེ་ཕྱི་དངོས་པོའི་རིན་ཐང་ཁོ་ནའི་ཐོག་ནས་འགྲོ་བསྡད་པ་ཞིག་དང་། མི་སུ་ཞིག་རྒྱུན་དུ་ཕྱི་དངོས་པོའི་རིན་ཐང་རྐྱང་པ་ལ་དོ་སྣང་སྤྲོད་མཁན་ཞིག་ཡིན་ཚེ། དེ་ལྟ་བུའི་མི་དེ་ནང་སེམས་ཁམས་ཐོག་དཀའ་ངལ་ཞིག་འཕྲད་དུས་རེ་བ་གང་ཡང་མེད་པ་ཆགས་ཀྱི་ཡོད་པ་རེད།
དེ་འདྲ་ཡིན་དུས་ད་ནི་ང་ཚོས་ཕྱི་དངོས་པའི་རིན་ཐང་ལ་དོ་སྣང་སྤྲད་པ་ནང་བཞིན་ནང་སེམས་ཀྱི་རིན་ཐང་ལ་ཡང་དོ་སྣང་སྤྲོད་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་པ་རེད་ཅེས་གསུངས་སོང་།
གཞན་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱུན་དུ་གང་ཉིད་ཀྱི་ཐུགས་བཞེད་དམ་བཅའ་གསུམ་དང་ཡང་ན་འགན་འཁུར་གསུམ་འགྲེལ་བརྗོད་སྐབས། དང་པོ་ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དང་། གཉིས་པ། ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་ཐད་འགྲེལ་བརྗོད་ནང་། ཆོས་ལུགས་གྲགས་ཆེན་མང་ཆེ་བར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་། ཚང་མར་བརྡ་ལན་གཅིག་ཡོད་པ་ནི་བྱམས་བརྩེ་དང་། ཆོས་ལུགས་མང་ཆེ་བས་བྱམས་བརྩེ་དང་། སྦྱིན་པ། བཟོད་སྒོམ་བཤད་ཀྱི་ཡོད་པ་རེད། རྨང་གཞི་དེའི་ཐོག་ནས་ཆོས་ལུགས་མི་འདྲ་བའི་བར་ང་ཚོའི་ལྷད་མེད་ཀྱི་མཛའ་མཐུན་བསྐྲུན་ཐུབ་ཀྱི་རེད། ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་དེ་ང་ཚོས་བསམ་ཤེས་བྱེད་ཐུབ་པ་ཞིག་རེད། ངས་ནང་ཆོས་ནི་ཡག་ཤོས་རེད་ཅེས་རྩ་བ་ནས་བཤད་ཀྱི་མེད། རྒྱུ་མཚན་ནི། དཔེར་ན་ང་ཚོ་སྨན་གཅིག་ཡར་བླངས་ནས་འདི་སྨན་ཡག་ཤོས་རེད་ཅེས་བཤད་མི་ཐུབ། ནད་པ་རེ་རེའི་ནད་དང་ལོ་ཚད། གནས་སྟངས་སོགས་ལ་གཞིགས་ཏེ་ནད་པ་འདི་ལ་སྨན་འདི་ཡག་ཤོས་རེད་ཅེས་བཤད་དགོས་པ་ནང་བཞིན་མིའི་བསམ་བློ་མི་འདྲ་བ་ལ་ཆོས་ལུགས་ཀྱི་ལྟ་གྲུབ་འཚམ་དང་མི་འཚམ་སྣ་ཚོགས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།
གསུམ་པ། ཁོང་ཉིད་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེའང་ཁོང་གི་འགན་ཁུར་ཡིན་སྐོར་འགྲེལ་བརྗོད་གནང་སོང་།
མཇུག་ཏུ་བགྲོ་གླེང་མདོ་འཛིན་པ་ལྕམ་ནིང་ཐཱ་ཤ་ལགས་ཀྱིས་ཚོགས་བཅར་བ་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་གཟུགས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་བཀའ་འདྲི་ཞུ་གིན་འདུག་སྐོར་ཞུས་སྐབས། ༧གོང་ས་མཆོག་གིས་ངའི་གཟུགས་པོའི་གནས་སྟངས་གང་འདྲ་ཡོད་མེད་དེ་ཁྱེད་རང་ཚོས་ངའི་སྐད་ཐོག་ནས་ཚོད་དཔག་བྱོས། ངའི་ངོ་གདོང་གཞོན་སོ་དོད་པོ་ལོ་ན་ ༧༠ ཡས་མས་ཀྱི་རྣམ་པ་ཡོད་པས་མ་ཚད། སོ་བཟང་པོ་དང་མཆུ་ཏོ་ཡང་དམར་པོ་སྙིང་རྗེ་མོ་བསྡད་ཡོད་སྐོར་སོགས་སྐུ་རྩེད་དང་སྦྲགས་ཏེ་འགྲེལ་བརྗོད་གནང་བ་མ་ཟད། ལོ་ན་ ༨༣ སླེབས་ཀྱང་སྐུ་གཟུགས་ཀྱི་གནས་སྟངས་ཡག་པོ་ཡོད་པས་མ་ཚད། ད་དུང་ལོ་ན་ ༡༠ དང་ ༡༥ ༢༠ ཙམ་མུ་མཐུད་ནས་གནས་ཐུབ་རྒྱུའི་བསམ་བློ་གཏོང་གི་ཡོད་སྐོར་འགྲེལ་བརྗོད་གནང་འདུག
གསར་འགོད་པ་སངས་རྒྱས་རྡོ་རྗེ།