༧གོང་ས་མཆོག་ཨོ་སི་ཌི་ལི་ཡར་ཞབས་སོར་བདེ་བར་འཁོད་འདུག


2015.06.04
༧གོང་ས་མཆོག་ཨོ་སི་ཌི་ལི་ཡར་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༥།༦།༤ ༧གོང་ས་མཆོག་ཨོ་སི་ཌི་ལི་ཡར་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༥།༦།༤
Jeremy Russell/OHHDL

༧གོང་ས་མཆོག་གིས་ནང་གི་བསམ་བློའི་རིན་ཐང་ནི་ང་ཚོའི་སེམས་ཞི་བདེ་བག་ཕེབས་ཀྱི་འབྱུང་རྩ་ཡིན་པ་གསུངས་འདུག
དེ་ཡང་སྤྱི་ལོ་༢༠༡༥ལོའི་ཟླ་༦ཚེས་༤ཉིན་གྱི་སྔ་དྲོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨོསི་ཌི་ལི་ཡའི་གྲོང་ཁྱེར་སེཌ་ནིའི་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་པ་དང། སྐབས་དེར་བོད་མི་དང་དད་ལྡན་པ་སོགས་མི་གྲངས་བརྒྱ་ཕྲག་ཁ་ཤས་ཀྱིས་ཕེབས་བསུ་གཟབ་རྒྱས་གནང་ཡོད་པ་རེད། གནམ་ཐང་དུ་བཅར་བའི་གསར་འགོད་པའི་དྲི་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ལན་བསྩལ་བའི་ནང་། ཨོ་སི་ཌི་ལི་ཡའི་མི་རྣམས་ཀྱང་འགྲོ་བ་མི་དུང་ཕྱུར་བདུན་བཅུའི་ཁོངས་གཏོགས་ཡིན་སྟབས་ཤ་མདོག་ཏོག་ཙམ་མི་འདྲ་བ་མ་གཏོགས་ང་ཚོ་ཚང་མ་ནང་གི་སེམས་ཚོར་དང་བསམ་བློ།  གཟུགས་པོའི་གྲུབ་སྟངས་བཅས་གཅིག་པ་རེད། དེ་འདྲ་སོང་ཙང་ཆོས་ལ་དད་པ་བྱེད་མཁན་ཡིན་མིན་ལ་མ་ལྟོས་པར་ང་ཚོས་ནང་བསམ་བློའི་རིན་ཐང་ལ་དོ་སྣང་མང་ཙམ་བྱེད་དགོས་པ་ཡིན། གང་ཡིན་ཟེར་ན། ནང་གི་བསམ་བློའི་རིན་ཐང་ནི། ང་ཚོའི་སེམས་ཞི་བདེ་བག་ཕེབས་ཀྱི་འབྱུང་རྩ་རེད། སེམས་ནང་ཞི་བདེ་བག་ཕེབས་ཡོད་ན་གཟུགས་ཁམས་བདེ་ཐང་ཡོང་རྒྱུར་ཧ་ཅང་ཕན་གྱི་ཡོད་པས་གནད་འགག་ཆེན་པོ་རེད། དེའི་སྐོར་ཚན་རིག་པའམ་གསོ་དཔྱད་ཚན་རིག་པར་སྐད་ཆ་དྲིས་དང་། ཁོང་ཚོས་ཀྱང་དེ་ག་རང་བཤད་ཀྱི་རེད། དེར་བརྟེན་ང་ཚོ་ཚང་མར་ནུས་པ་གཅིག་མཚུངས་ཡོད་པ་རེད། ང་ཚོ་ཚང་མ་མ་ལས་སྐྱེས་དང་ཕ་མའི་བྱམས་སྐྱོང་འོག་ནས་འཚར་ལོངས་བྱུང་ཡོད་སྟབས་སེམས་ནང་ཞི་བདེ་བག་ཕེབས་དང་། གཞན་ལ་བྱམས་བརྩེའི་ཉམས་ལེན་སྤེལ་ཐུབ་པ་བྱུང་ན། ལུས་ཁམས་ཀྱང་ཧ་ཅང་བདེ་ཐང་ཡོང་གི་རེད། ཁོང་ཁྲོ་དང་འཇིགས་སྣང་ནི་ང་ཚོའི་བདེ་ཐང་ལ་ཧ་ཅང་གནོིད་བཞིན་ཡོད་ཅེས་བཀའ་ལན་བསྩལ་བ་དང་སྦྲགས་དྲི་བ་ཞུ་མཁན་བེུད་གསར་འགོད་པ་དེའི་གདོང་ལ་གཟིགས་ནས་ཞལ་ཤོབ་ཀྱིས། ཁྱེད་ལྟ་བུ་བཞིན་རས་མཛེས་ཉམས་དང་ལྡན་ཡང་གལ་ཏེ་ཁོང་ཁྲོའི་གཞན་དབང་དུ་སོང་ནས་གདོང་པ་ཁྲོ་གཉེར་ཅན་དུ་གྱུར་ན་མཛེས་པོ་ཁྱོན་ནས་ཡོད་མ་རེད། གདོང་ལ་འཛུམ་མདངས་དང་། སྐྱིད་སྣང་། བྱམས་བརྩེའི་རྣམ་པ་ལྡན་པ་ཡིན་ན་དངོས་གནས་མཛེས་པོ་རེད་ཅེས་བཀའ་ལན་ཡང་བསྩལ་འདུག
༧གོང་ས་མཆོག་གིས་ད་རེས་ཨོ་སི་ཌི་ལི་ཡའི་ནང་བདུན་ཕྲག་གཉིས་ཙམ་རིང་ཆོས་ཕྱོགས་གཙོས་མཛད་འཆར་འདྲ་མིན་སྤེལ་རྒྱུ་ཡིན་པ་དང་། སྐུ་ཉིད་ཡུལ་དེའི་ནང་ད་ཐེངས་ཆིབས་བསྒྱུར་བསྐྱངས་བ་དེ་ནི་ཡུལ་དེར་ཕེབས་ཐེངས་༡༠་པ་དེ་ཡིན་འདུག

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎