༧གོང་ས་མཆོག་གིས་བྱམས་བརྩེའི་སྐོར་བཀའ་སློབ་བསྩལ་བ།
2018.09.12

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སུཝེ་ཌེན་ནང་མང་ཚོགས་ལ་བྱམས་བརྩེ་དང་འཆམ་མཐུན་སོགས་ཀྱི་སྐོར་བཀའ་སློབ་བསྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡོ་རོབ་བྱང་མའི་ཡུལ་གྲུ་སུཝེ་ཌན་གྱི་གྲོང་ཁྱེར་མཱལ་མོ་རུ་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་ཞབས་སོར་འཁོད་གནང་མཛད་ཅིང་། ཐེངས་འདིའི་ཆིབས་བསྒྱུར་སུཝེ་ཌན་དུ་ཡོད་པའི་ Individuell Manushelp འམ་བསྡུས་ཚིག་ལ་ IM ཞེས་པའི་རོགས་ཚོགས་དེ་ཡིན་པ་རེད། ཕྱི་ཚེས་ ༡༢ སྔ་དྲོ་དབྱིན་ཡུལ་དང་ཡོ་རོབ་བྱང་མའི་སྐུ་ཚབ་དོན་གཅོད་དང་གདན་ཞུ་ཚོགས་པ་གཉིས་ཀྱི་གོ་སྒྲིག་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་ཤིང་། དེ་རྗེས་ མཱལ་མོ་ལཡིཝ་ཞེས་པའི་ཚོགས་ཁང་ཆེན་མོའི་ནང་བྱམས་བརྩེ་དང་སྤྱི་ཚོགས་འཆམ་མཐུན། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་མང་ཚོགས་ལ་བཀའ་སློབ་གསུང་བཤད་བསྩལ་གནང་མཛད་ཡོད་པ་རེད། IM ཞེས་པའི་རོགས་ཚོགས་དེ་ཐོག་མར་ཕྱི་ལོ་ ༡༩༣༨ ལོར་ཇར་མན་ན་ཛིའི་མནར་གཅོད་ལས་བྲོལ་བྱོལ་དུ་ཡོང་མཁན་ཇཱུ་སྐྱབས་བཅོལ་མི་རིགས་ཚོར་རོགས་རམ་ཆེད་བཙུགས་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༡༩༥༩ ལོར་བོད་མི་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་རྗེས་བོད་མི་ཚོར་ཡང་རོགས་རམ་གནང་མཁན་གྱི་ཚོགས་པ་ཞིག་ཡིན་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གསུང་བཤད་དུ་བཅར་མཁན་མི་དམངས་སྟོང་ཚོ་འགའ་ཤས་ཡོད་འདུག་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་འགྲོ་བ་མིའི་རིགས་ཐེར་འབུམ་༧་ཡོད་པ་ཚང་མ་མི་ཚེ་སྐྱིད་པོ་དང་བདེ་བ་འདོད་པ་དང་སྡུག་བསྡལ་མི་འདོད་པ་གཅིག་མཚུངས་ཡིན་ཡང་། འཛམ་གླིང་གི་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་གཙོས་པའི་བྱུང་བའི་རྐྱེན་ངན་བྱུང་བ་ཁག་ལ་བརྟེན་ནས་དཀའ་སྡུག་མང་པོ་མྱང་གི་ཡོད་པ་དང་ཡང་དེ་ཙམ་མ་ཡིན་པར་འཚེ་བའི་ལས་དང་མགོ་སྐོར་སླུ་ཁྲིད། ཐུབ་ཚོད་བཏང་བ། དབུལ་ཕྱུག་གཉིས་དབར་བར་ཁྱད་ཧ་ཅང་ཆེ་བ་ཐ་ན་དབུལ་ཞིང་ཕོངས་པའི་མི་མང་ཉམ་ཐག་ཚོར་ཉིན་རེའི་དགོས་མཁོ་ཁ་ལག་ཀྱང་ཐོབ་རྒྱུ་ཧ་ཅང་ཁག་པོ་ཡོད་པ་དང་དཀའ་ངལ་དང་སྡུག་བསྡལ་འདི་དག་མིས་བཟོས་པ་ཡིན་དུས་མི་ལ་དཀའ་སྡུག་དེ་དག་སེལ་རྒྱུ་དང་ཉུང་དུ་གཏོང་རྒྱུའི་འགན་དེ་ང་ཚོ་མི་ལ་ཡོད་པ་དང་འགྲོ་བ་མིའི་རིགས་རྣམས་སྤྱི་ཚོགས་ནང་གནས་དགོས་སྟབས་རང་ཉིད་ལ་བདེ་བ་འདོད་པ་དེ་གཞན་ལ་རྟེན་དགོས་ཀྱི་ཡོད་པས་ན་མི་གཞན་ལ་བདེ་བ་བསྐྲུན་རྒྱུ་ནི་རང་ཉིད་ལ་འགན་ཡོད་སྟབས་གཞན་བདེ་བར་བཀོད་པའི་ལྷག་བསམ་དགོས་རྒྱུ་གལ་ཆེ་ཡིན་པ་བཀའ་གནང་འདུག
ཡང་ཕྱི་ཟླ་ ༩ ཚེས་ ༡༡ སྔ་དྲོ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་ཡོ་རོབ་བྱང་མའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་གོང་ཞུས་རོགས་ཚོགས་གཉིས་ཟུང་འབྲེལ་སྒོ་ནས་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་ཞུས་འདུག དེའི་རྗེས་སུ་༧གོང་ས་མཆོག་ལ་གསར་འགྱུར་ལས་ཁང་གྲགས་ཅན་གཉིས་ཀྱིས་བཀའ་འདྲི་ཁག་ལ་བཀའ་ལན་བསྩལ་གནང་མཛད་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སུཝེ་ཌེན་གྱི་གྲོང་ཁྱེར་(Malmo)ནང་གི་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་པའི་རྗེས་སུ་ཕྱི་ཚེས་༡༤་ཉིན་ནེ་ཐར་ལེནཌསྀ་(Netherlands)ཡི་གྲོང་ཁྱེར་རོ་ཊེར་ཌཱམ་(Rotterdam)རུ་ཆིབས་བསྒྱུར་གྱིས་ཕྱི་ཚེས་༡༦་ཉིན་གྲོང་ཁྱེར་དེའི་ནང་། དཀའ་རྙོག་ཆེ་བའི་ང་ཚོའི་འཛམ་གླིང་ནང་སྙིང་རྗེ་ཅིའི་ཕྱིར་དགོས་གལ་ཡིན་ནམ་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་སྩོལ་རྒྱུའི་མཛད་འཆར་ཡོད་པ་དེ་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱ་བརྒྱུད་ནས་ཐད་ཀར་རྒྱང་སྲིང་ཞུ་གཏན་འཁེལ་འདུག་ལ། ཕྱི་ཚེས་༡༧་ཉིན་མང་ཚོགས་ལ་བཀའ་གདམས་པའི་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་སྐྱོང་གནང་མཛད་རྒྱུ་ཡིན་འདུག དེ་ནས་འཇར་མེ་ནི(Germany) སུད་ཛར་ལེནཌ་ (Switzerland)བཅས་རྒྱལ་ཁབ་ཁག་ནང་མཛད་འཕྲིན་རིམ་བཞིན་སྐྱོང་གཏན་འཁེལ་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།