ཐེ་ཝན་ཕུའུ་ཨིན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཞིག་གིས་༧གོང་ས་མཆོག་དང་མཇལ་བཅར།


2019.09.11
ཐེ་ཝན་ཕུའུ་ཨིན་སློབ་གྲྭ་ཆེན་མོའི་སློབ་དཔོན་སུའུ་ཅཱ་ཧོང་(Su Jia Hong)ལགས། ༢༠༡༩།༩།༡༡ ཐེ་ཝན་ཕུའུ་ཨིན་སློབ་གྲྭ་ཆེན་མོའི་སློབ་དཔོན་སུའུ་ཅཱ་ཧོང་(Su Jia Hong)ལགས། ༢༠༡༩།༩།༡༡
RFA

ཐེ་ཝན་ཕུའུ་ཨིན་སློབ་གྲྭ་ཆེན་མོའི་སློབ་དཔོན་སུའུ་ལགས་ཀྱིས་༧གོང་ས་མཆོག་དང་མཇལ་བཅར་དང་༧གོང་ས་མཆོག་དང་འབྲེལ་བའི་ཁོང་གི་བརྩམས་ཆོས་སྤྱན་འབུལ་ཞུས་འདུག
དེ་ཡང་སྤྱི་ཟླ་༩་པའི་ཚེས་༡༡་ཉིན། ཐེ་ཝན་ཕུའུ་ཨིན་སློབ་གྲྭ་ཆེན་མོའི་སློབ་དཔོན་སུའུ་ཅཱ་ཧོང་ལགས་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཞུགས་སྒར་ཕོ་བྲང་དུ་མཇལ་བཅར་ཞུས་གནང་ཡོད་པ་དང་། ཟུར་མཇལ་དེ་གྲུབ་མ་ཐག་གསར་འགོད་པས་བཅར་འདྲི་ཞུས་སྐབས། ཁོང་གིས། ད་ཐེངས་རང་ཉིད་ཀྱི་བརྩམས་ཆོས་གསར་པ་གཅིག་༧གོང་ས་མཆོག་ལ་འབུལ་ཆེད་འདིར་བཅར་བ་ཡིན། དེ་དང་མཉམ་དུ་༧གོང་ས་མཆོག་ལ་བཀའ་འདྲི་ཁག་གཉིས་ཞུ་རྒྱུ་བྱུང་། དེ་ནི། ད་ལྟའི་ཐེ་ཝན་ནང་གི་ཆོས་ཕྱོགས་ཀྱི་དཀའ་རྙོག་ཅིག་སེལ་རྒྱུའི་ཐབས་ལམ་ཐད་མགོན་པོ་གང་ཉིད་ཀྱི་ལམ་སྟོན་སྩལ་གནང་རྒྱུ་དང་། གཞན་ཡང་རིང་མིན་ཐེ་ཝན་གྱི་འོས་བསྡུས་རྒྱ་ནག་དང་འབྲེལ་ལམ་ཛ་དྲག་ཆགས་ཀྱི་ཡོད་པའི་ཐད་བཀའ་འདྲི་དགོངས་སྐོར་ཞུས་པས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འོས་བསྡུ་ལམ་ལྷོངས་ལྡན་པ་དང་ཕན་ཚུན་ཞི་བདེ་ལྷིང་འཇགས་ཡོང་བའི་ཐུགས་སྨོན་སྩལ་གནང་མཛད་སོང་ཅེས་གསུངས་སོང་།
གཞན་ཡང་སྐུ་ཞབས་སུའུ་ལགས་དང་ལྷན་དུ་ཁོང་གིས་རྩོམ་གནང་མཛད་པའི་བརྩམས་ཆོས་དག་གི་སྐོར་རྒྱུས་ལོན་ཞུས་སྐབས། ཁོང་གིས་བཙན་བྱོལ་ནང་གི་མང་གཙོ་དང་། དེ་བཞིན་༧གོང་ས་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་མི་དམངས་ལ་གསོལ་སྩལ་གནང་སྟེ། བཅའ་ཁྲིམས་བསྐྱར་བཅོས་ཟིན་པའི་རྗེས་སུ་བཙན་བྱོལ་ནང་མང་གཙོའི་འགྱུར་ལྡོག་བཅས་པའི་སྐོར་ཕྱག་དེབ་གཉིས་འདོན་སྤེལ་གནང་ཟིན་འདུག་ཡོད་པ་དང་། ད་ལན་མགོན་པོ་གང་ཉིད་ཀྱི་དྲུང་དུ་སྤྱན་འབུལ་ཞུས་པའི་ཕྱག་དེབ་དེ་ནི། ཁོང་གི་བརྩམས་ཆོས་གསུམ་པ་<<བཙན་བྱོལ་དུ་སྐྱེས་བ་ལེན་པ་>>་ཞེས་པ་དེ་རེད་འདུག དེའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་ཀྱི་ཡང་སྲིད་དང་འབྲེལ་བའི་གནད་དོན་ཐད་གསུང་བཤད་གནང་བ་དང་། བརྒྱུད་ལམ་ཁག་གི་བཅར་དྲིར་དང་ལེན་གནང་སྐབས་བཀའ་ལན་གནང་བ་དེ་དག་ཕྱོགས་སྒྲིག་ཞུས་པའི་ཕྱག་དེབ་ཅིག་ཆགས་འདུག་པས། ཁོང་གིས་རིང་མིན་དམིགས་བསལ་ཚོགས་ཆེན་དང་ཆོས་ཚོགས་བཅས་པ་སྐོང་ཚོགས་གནང་བའི་སྐབས་སུ་ཁོང་གི་ཕྱག་དེབ་དེ་ཕན་ཐོགས་ཆེན་པོ་ཡོང་བའི་ཡིད་ཆེས་གནང་བཞིན་འདུག
གཞི་རྩའི་སྐུ་ཞབས་སུའུ་ལགས་ཀྱི་ཕྱག་དེབ་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔོན་གླེང་ཅིག་སྩལ་གནང་མཛད་པའི་ནང་། ཕྱག་དེབ་དེས་རྒྱ་ཡིག་ཀློག་པ་པོ་དག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རྟོགས་རྒྱུར་ཕན་ཐོགས་ལྡན་པ་སྨོས་མེད་ཡིན་ཞེས་གསུངས་འདུག་ལ། དེ་དང་ལྷན་དུ། བླ་མའི་ཡང་སྲིད་ཅེས་པ་ནི། བསམ་བཞིན་དུ་འགྲོ་བའི་དོན་ལ་བྱོན་པ་ཞིག་ཡིན་པས་བྱོན་པའི་དུས་དང་ཡུལ། རིགས་རུས་དང་ཡུམ་བཅས་གཟིགས་པ་ལྔ་ལ་གཟིགས་ནས་བྱོན་དགོས་པ་འདི་ནང་ཆོས་ཀྱི་དམིགས་བསལ་ཁྱད་ཆོས་ཤིག་ཡིན་པས། གང་དུ་སྐྱེ་བ་དང་། ཐབས་ཚུལ་ཇི་ལྟ་བུས་ངོས་འཛིན་བྱེད་པ་བཅས་ནི་ཡང་སྲིད་སྐྱེ་བ་འཛིན་མཁན་གྱི་གང་ཟག་ཐུན་མིན་དུ་དབང་བ་ཞིག་ཡིན། དེ་ལྟར་ངོས་ཀྱི་ཡང་སྲིད་ནི་ཆོས་ལུགས་ཀྱི་ལམ་སྲོལ་ཁོ་ན་ལས་སྲིད་དོན་དང་མ་འབྲེལ་བ་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་ནན་གསུངས་ཟིན་སྐོར་འཁོད་གནང་འདུག
གཞི་རྩའི་སྐུ་ཞབས་སུའུ་ལགས་ཀྱིས་ཀྱང་། ཁོང་གིས་ཕྱག་དེབ་དག་གིས་རྒྱ་ཡིག་ཀློག་པ་པོ་རྣམས་ལ་བཙན་བྱོལ་བོད་མིའི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་དང་། དཔྱད་གཞིིའི་ཡིག་ཆར་ཕན་ཐོགས་ཐུབ་ཆེད། རང་ངོས་ནས་འགྲོ་སོང་བཏང་སྟེ་ལོ་ལྔ་རེའི་མཚམས་ལྟ་བུར། བཙན་བྱོལ་ནང་གི་མང་གཙོ་དང་འབྲེལ་བའི་གནས་ཚུལ་གལ་གནད་ཆེ་བ་དག་ཕྱོགས་སྒྲིག་གནང་བཞིན་ཡོད་སྐོར་ཡང་གསུངས་བཞིན་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎