༧གོང་ས་མཆོག་གིས་རྒྱ་ནག་ནང་གནས་གཟིགས་དང་མཉམ་རྒྱ་ནག་གི་འགོ་ཁྲིད་ཚོར་མཇལ་རྒྱུའི་ཐུགས་རེ་ཡོད་པ་བཀའ་བསྩལ་འདུག

2021.11.10
༧གོང་ས་མཆོག་གིས་རྒྱ་ནག་ནང་གནས་གཟིགས་དང་མཉམ་རྒྱ་ནག་གི་འགོ་ཁྲིད་ཚོར་མཇལ་རྒྱུའི་ཐུགས་རེ་ཡོད་པ་བཀའ་བསྩལ་འདུག ༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་སྩལ་གནང་བཞིན་པ། ༡༡།༡༠།༢༡
OHHDL

ཉི་ཧོང་གི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་དང་། ཉི་ཧོང་བོད་ཀྱི་ཁང་པ་ཟུང་འབྲེལ་གྱི་ཐོག་ནས། སེམས་བསྐྱེད་བཟང་པོ་ཡོང་ཐབས་ཀྱི་བརྗོད་གཞིའི་ཐོག་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད། ཕྱི་ཟླ་༡༡་པའི་ཚེས་༡༠་ཉིན་ཉི་ཧོང་བ་དང་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་ལ་བཀའ་སློབ་ཕེབས་སྐབས། ཉི་ཧོང་གི་གསར་འགོད་པ་ཨོ་བྷ་ཡོ་ཤེ་ལགས་ནས། ༧གོང་ས་མཆོག་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་དང་མཇལ་འཕྲད་གནང་འཆར་ཡོད་མེད་ཐད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། འཆར་གཞི་དམིགས་བསལ་བ་མེད་ནའང་། ལོ་ཁ་ཤས་ནས་བཟུང་ངོས་རང་རྒྱ་ནག་རི་བོ་རྩེ་ལྔ་ལ་འགྲོ་འདུན་ཡོད་ཅེས་བཤད་བསྡད་ཡོད། དེ་དང་ཆབས་ཅིག་པེ་ཅིང་ནས་བསྡད་དེ་ཞི་ཅིང་ཕིང་དང་འགོ་ཁྲིད་གཞན་ཁག་ལ་མཇལ་འཕྲད་ཡོང་སྲིད་པ་རེད། ལྷག་པར་ངོས་རང་རྒྱ་མི་གྲོགས་པོ་རྙིང་པ་ཆབ་སྲིད་དང་དམག་གི་མགོ་ཁྲིད་ཁག་ཅིག་ལ་ཐུག་འདུན་ཆེན་པོ་ཡོད། ངོས་རང་བགྲེས་སོང་ཆགས་བཞིན་པ་དང་འདྲ་བར་ཁོང་ཚོའང་རྒན་པོ་ཆགས་བཞིན་ཡོད་པས་ངོས་ལ་ཁོང་ཚོ་མཐོང་རྒྱུའི་འདུན་པ་ཡོད་ཅིང་། ངོས་ནས་རི་བོ་རྩེ་ལྔ་ལ་གནས་གཟིགས་ཀྱི་རེ་བ་བརྒྱབ་ཀྱི་ཡོད་མོད་ད་ལྟ་བཤད་ཚོག་ཐིག་གི་མི་འདུག་ཅེས་བཀའ་གནང་གི་འདུག་ལ། ཡང་ཨ་རབ་ཀྱི་གསར་འགོད་པ་ཧལ་ལྡོན་ན་ཛ་རི་ལགས་ནས། ༧གོང་ས་མཆོག་གིས་རྒྱ་ནག་དང་ཞི་འགྲིག་གནང་སྟེ་བོད་དུ་གནས་བཞུགས་ཀྱི་གོ་སྐབས་ཡོད་མེད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། ལོ་མང་སྔོན་ངོས་རང་རྒྱ་གར་སྲིད་བློན་ཟུར་པ་མཱན་མོ་ཧན་སེང་མཆོག་མཇལ་སྐབས། རྒྱ་གར་ནི་ངོས་ཀྱི་ཚེ་གང་རིང་གི་གནས་མལ་གྱི་རང་ཁྱིམ་ཆགས་རྒྱུའི་འདུན་པ་ཡོད་པ་དང་། ཐ་ན་ངོས་ཀྱི་ཚེ་མཇུག་རྫོགས་ས་དེ་ཡང་རྒྱ་གར་དུ་བསྐྱལ་རྒྱུའི་འདོད་པ་ཅེས་བཤད་པ་ཡིན། གང་ལྟར་རྒྱ་གར་དུ་རང་དབང་ཆ་ཚང་ཡོད་པ་དང་། ཆོས་ལུགས་འཆམ་མཐུན་གྱི་སྲོལ་རྒྱུན་ཧ་ཅང་བཟང་པོ་ཡོད། འཛམ་གླིང་གི་ཆོས་ལུགས་ཆེ་ཁག་གི་རྗེས་འཇུག་རྣམས་འཆམ་མཐུན་གྱིས་རྒྱ་གར་ནང་གནས་ཡོད་ཅིང་། རྒྱ་གར་ནི་ངོས་ལ་ཧ་ཅང་འཕྲོད་པོ་དང་རྒྱ་གར་ནང་ཕྱོགས་གང་ས་ཅི་ཐད་ནས། ནང་སེམས་ཀྱི་ཞི་བདེ་བརྒྱུད་ཞི་བདེ་གོང་འཕེལ་དང་ཆོས་ལུགས་འཆམ་མཐུན་ལ་ཕན་ཐོགས་སྒྲུབ་ཐུབ་ཁར། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ལའང་ཕན་ཐོགས་རྒྱ་ཆེ་སྒྲུབ་ཐུབ་ཀྱི་འདུག་པས། རྒྱ་གར་དུ་ངོས་རང་ཧ་ཅང་སྐྱིད་པོ་དང་སྤྲོ་བོ་ཡོད་པ་བཀའ་གནང་ཡོད་པ་རེད།
ཡང་༧གོང་ས་མཆོག་གིས་གསར་འགོད་པར་བཀའ་ལན་གནང་སྐབས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་སྤྱི་མཐུན་དེ་ལག་བསྟར་གནང་དགོས་གལ་ཆེ་བ་དང་། རང་ལྟ་མཆོག་འཛིན་གྱི་རྒྱ་ནག་དམར་པོའི་འགོ་ཁྲིད་ཚོས་རིག་གཞུང་མི་འདྲ་བའི་དབྱེ་བ་ཤེས་ཀྱི་མེད་པ་མ་གཏོགས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་དུས་རྒྱ་ཧན་མི་རིགས་གཅིག་པུ་ཙམ་མིན་པར། བོད་དང་ཡུ་གུར་སོགས་མི་རིགས་གཞན་མང་པོ་ཡོད་པར་བརྟེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་དངོས་གནས་ལག་བསྟར་བྱེད་དགོས་རེད་སྙམ་གྱི་འདུག
སྲིད་བྱུས་ཀྱི་ཆེད་དུ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་བེད་སྤྱོད་བཏང་། འོན་ཀྱང་དོན་དངོས་སུ་ཧན་མི་རིགས་ཀྱིས་ཚད་ལས་བརྒལ་བའི་ཚོད་འཛིན་བྱེད་ཀྱི་ཡོད་ཅེས་བཀའ་གནང་གི་འདུག
མཛད་རིམ་རྗེས་ཉི་ཧོང་གི་ཕྱི་རྒྱལ་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་(Suvendrini kakuchi)་ལགས་ནས། ༧གོང་ས་མཆོག་གིས་གནས་སྟངས་ལ་འགྱུར་བ་འགྲོ་རྒྱུ་ཡིན་པར་གསུང་པ་དེས། མོ་རང་ལ་བློ་སྟོབས་ཆེན་པོ་འཕེལ་བ་འགྲེལ་བརྗོད་གནང་བ་དང་ཆབས་ཅིག ༧གོང་ས་མཆོག་ལ་ཁོང་ཚོའི་མཐུན་ཚོགས་ཀྱི་ཚོགས་མིའི་ཆེ་བསྟོད་ཅིག་ཀྱང་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎