བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་གི་གནས་བབ་ལས་རང་བཙན་རྩོད་ཀྱི་མེད། ༧གོང་ས་མཆོག་གིས།

2023.09.26
བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་གི་གནས་བབ་ལས་རང་བཙན་རྩོད་ཀྱི་མེད། ༧གོང་ས་མཆོག་གིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག
OHHDL

ཟླ་བ་འདིའི་ཕྱི་ཚེས་༢༥རེས་གཟའ་ཟླ་བའི་ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་རྒྱ་གར་གྱི་(The Hindu)་གསར་ཤོག་ཐེ་བའི་རྒྱ་གར་གྱི་ས་གནས་འདྲ་མིན་ནས་ཕེབས་པའི་གསར་འགོད་པ་ཁག་ཅིག་ལ་མ་འོངས་བོད་ཀྱི་གནད་དོན་སྐོར་དང་འབྲེལ་ཏེ་བཀའ་འདྲིར་བཀའ་ལན་སྩོལ་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོས་བོད་རང་བཙན་རྩོད་ཀྱི་མེད་པར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲོད་དགོས་ཞེས་བསྐྱར་དུ་བཀའ་གནང་ཞིང་། དེ་རྒྱ་ནག་དང་ཁ་བྲལ་མིན་པར་མི་མང་ས་ཡ་མང་པོར་ཆབ་སྲིད་ཀྱི་ཐོག་ནས་ཕན་ཐོགས་ངེས་ཡིན་ཞེས་བཀའ་ལན་གནང་འདུག་པ་དང་། ཡང་༧གོང་ས་མཆོག་གིས་༧མགོན་པོ་གང་ཉིད་བོད་གངས་ཅན་ལྗོངས་སུ་ཕྱིར་ཆིབས་བསྒྱུར་མཛད་ཐུབ་པའི་ཐུགས་སྨོན་མཛད་བཞིན་ཡོད་ཅེས་བཀའ་སློབ་སྩལ་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་བར་ཆོད་སེམས་བརྟན་པོ་ཡོད་ཅེས་དང་། དེ་བཞིན་དུས་རབས་ཉེར་གཅིག་པ་ནི་དད་པ་ཁོ་ན་བྱེད་པའི་དུས་ལས་ཡལ་ཡོད་པས་ན་རིག་པའི་ཐོག་ནས་དཔྱད་པ་བྱས་ཏེ་ཆོས་ལ་ངེས་པ་རྙེད་པ་ཞིག་བྱ་རྒྱུ་ནི་དཔལ་ནཱ་ལེན་ཌའི་ཆོས་བརྒྱུད་ངོ་མ་དེ་རེད་ཅེས་བཀའ་སློབ་སྩལ་འདུག
ལྷག་པར་དུ་རྒྱ་ནག་ལ་མཚོན་ན། ད་ལྟའི་ཆར་རྒྱ་ནག་ནང་འགྱུར་བ་འགྲོ་བཞིན་པ་དང་རྒྱ་གར་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་མང་པོས་༧གོང་ས་མཆོག་ལ་རྒྱབ་སྐྱོར་དང་མཛའ་བརྩེ། གུས་བརྩི་ཞུ་མཁན་ཡོད་པའི་ཁོངས་སུ་རྒྱ་རིགས་མང་ཚོགས་ཚོས་ཀྱང་༧གོང་ས་མཆོག་ལ་མཛའ་བརྩེའི་ངང་ནས་མགོན་པོ་གང་ཉིད་བོད་ལ་ཕྱིར་ཆིབས་བསྒྱུར་མཛད་རྒྱུའི་ཐུགས་རེ་གནང་གི་ཡོད་ཀྱང་། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་གི་སྐུ་དངོས་ཀྱི་མྱོང་བར་གཞིགས་ཏེ་ད་ཆ་རྒྱ་གར་ནང་སྐུ་བཞུགས་མཛད་རྒྱུར་ཐུགས་མཉེས་པོ་ཡོད་པར་མ་ཟད། བཞུགས་སྒར་ནི་ས་ཆའི་ཆགས་བབས་ཀྱི་ཆ་ནས་མགོན་པོ་གང་ཉིད་མཆོག་ཀྱི་སྐུའི་འཕྲོད་བཞེས་ལ་འཕྲོད་པོ་ཡོད་པ་དང་། ལྷག་པར་དུ་༧གོང་ས་མཆོག་སྐུ་ན་ཆུང་དུས་ནས་རྒྱ་གར་གྱི་དཔལ་ནཱ་ལེན་ཌའི་མཁས་པའི་གསུང་དག་ལ་སློབ་གཉེར་མཛད་ཡོད་སྟབས་སྐུ་གཟུགས་ལ་མཚོན་ནའང་བོད་མི་ཞིག་ཡིན་ཀྱང་ཕྱེད་ཀ་རྒྱ་གར་བ་ཞིག་ཆགས་ཡོད་པ་སོགས་བཀའ་སློབ་བསྩལ་འདུག


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎