འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཟུང་བའི་ཐོག་ནས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་དགོས། ༧གོང་ས་མཆོག་གིས།
འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཟུང་བའི་ཐོག་ནས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་དགོས་པ་སྤྱི་ནོར༧གོང་ས་མཆོག་གིས་ཤུགས་རྐྱེན་ཆེ་བའི་ན་གཞོན་བཅུ་གཉིས་དང་ལྷན་བགྲོ་གླེང་སྐབས་བཀའ་གནང་ཡོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། འཛམ་གླིང་སྔར་ལས་བཟང་བ་ཞིག་དང་བྱམས་བརྩེའི་བདག་ཉིད་བགྱིས་ཞེས་པའི་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། འདི་ཚེས་༡༢རེས་གཟའ་ཟླ་བའི་ཉིན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཅོས་བསྒྱུར་མཁན་དང་ཤུགས་རྐྱེན་ཆེ་བའི་ན་གཞོན་བཅུ་གཉིས་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་ཐད་གཏོང་བརྒྱུད་བགྲོ་གླེང་དང་བཀའ་ལན་སྩལ་བའི་སྐབས། གོང་ཞུས་ཚོགས་པ་དེ་ཉིད་ཐོག་མར་གསར་འཛུགས་གནང་མཁན་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་གནས་བཞུགས་ལྕམ་(Sofia Stril-Rever)ལགས་ཀྱིས་༧གོང་ས་མཆོག་ལ་ཚོགས་པ་དེ་བཞིན་ངོ་སྤྲོད་དང་སྦྲགས། དུས་རབས་༢༡པ་འདིའི་ནང་ང་ཚོ་ཕན་ཚུན་འཆམ་མཐུན་དང་། བདེ་སྐྱིད། དེ་བཞིན་འཛམ་གླིང་ཞི་བདེ་ཡོང་བར་གཙོ་བོ་གཞན་ཕན་གྱི་བསམ་བློ་དེ་ཡིན་པ་བཀའ་སློབ་ཡོང་བའི་གསོལ་འདེབས་ཞུས་པར་གོང་ས་མཆོག་གིས། ངོས་ཀྱིས་རྟག་ཏུ་ཡོ་རོབ་མཐུན་ཚོགས་ལ་ཡིད་སྨོན་བྱེད་བཞིན་ཡོད། དེ་སྔ་ཧྥ་རན་སི་དང་ཇར་མན་ནི་སོགས་ཀྱི་བར་ནང་འཁྲུག་ཤུགས་ཆེ་རྒྱབ་པ་རེད། འོན་ཀྱང་། ཕྱིས་སུ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཁོ་རང་ཚོ་ནང་ཁུལ་ཕན་ཚུན་བསམ་ཤེས་ཀྱིས་རང་ཉིད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དེ་བཞིན་དགྲ་བོར་ངོས་འཛིན་བྱས་ན་ཕན་ཐོགས་གང་ཡང་མེད་པར་དགོངས་ཏེ་མཐར་ཡོ་རོབ་མཐུན་ཚོགས་གསར་འཛུགས་གནང་པ་རེད། དེར་བརྟེན། ང་ཚོ་ནི་འཛམ་གླིང་ཤར་ནུབ་ཚང་མར་གནས་པའི་འགྲོ་བ་མིའི་ཆ་ཤས་ཡིན་པས། ངེས་པར་དུ་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དགོས་གལ་ཆེ་ཞིང་། དོན་དངོས་ཚང་མ་གཅིག་གིས་གཅིག་ལ་འབྲེལ་བ་ཆགས་ཡོད་པས་ངོས་ཀྱི་རྒྱལ་ཁབ་དང་ངོས་ཀྱི་ས་ཁུལ་ཞེས་པའི་བསམ་བློ་དེ་དོར་དགོས། ང་ཚོའི་བར་ཤ་མདོག་མི་འདྲ་བ་ཡོད་པ་ལས། སེམས་ཁམས་དང་ལུས་པོ། སེམས་ཚོར་བཅས་ཀྱི་ཆ་ནས་ཚང་མ་གཅིག་གྱུར་ཡིན་པའི་འདུ་ཤེས་དེ་བཟུང་བའི་ཐོག་ནས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་དགོས། དེ་བས་ངོས་ཀྱི་གྲོགས་པོ་རྣམ་པ་ཚོས་འཛམ་གླིང་གོ་ལ་གཅིག་གྱུར་གྱི་འདུ་ཤེས་སྤེལ་བར་ངོས་ལ་དཔུང་གྲོགས་རོགས་རམ་གང་ཐུབ་གནང་རོགས་ཞུ། ཞེས་བཀའ་གནང་ཡོད་པརེད།
ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། གཙོ་བོ་སྤྱི་ཚོགས་དང་། རེ་བ། སྙིང་རྗེ། གནམ་གཤིས་འགྱུར་ལྡོག་བཅས་ཀྱི་བརྗོད་གཞིའི་ཐོག་འགྲོ་བ་མི་རྣམས་ཀྱིས་འཇིག་རྟེན་སྤྱི་ལ་ལྷག་བསམ་འགན་ཁུར་གནང་ཕྱོགས་སོགས་དང་འབྲེལ་བའི་དྲི་བ་ཁག་ལ་བཀའ་ལན་གནང་ཡོད་པ་དང་། སྐབས་དེར་དབྱིན་ཡུལ་དུ་གནས་བཞུགས་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ན་གཞོན་ལས་འགུལ་བ་(Clover Hogan)ལགས་ཀྱིས། ༧གོང་ས་མཆོག་ཁྱེད་ཉིད་ཀྱི་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་འཁུར་ཞེས་པའི་འདུ་ཤེས་ཐོག་བཀའ་སློབ་ལམ་སྟོན་གནང་གི་ཡོད་པ་དང་། འདི་ལྟ་བུའི་ཐུགས་ཁུར་བཞེས་དགོས་པའི་དགོངས་པ་དེ་ག་དུས་འགོ་འཛུགས་གནང་ཡོད་པའི་སྐོར་བཀའ་འདྲི་དགོངས་སྐོར་ཞུས་སྐབས། ༧གོང་ས་མཆོག་གིས། ང་ནི་ཆུང་དུས་ནས་ཆོས་པ་ཞིག་ཡིན་པས། རྟག་ཏུ་སེམས་ཅན་ཐམས་ཅད་ཅེས་བརྗོད་ཀྱི་ཡོད། ང་ཚོ་རྒྱ་གར་དུ་འབྱོར་བའི་རྗེས་སུ། བསམ་བློའི་ནང་ང་ཚོ་བོད་པ་ཞེས་པའི་འདུ་ཤེས་དེ་ང་ཚོའི་རྒྱུད་ལ་ཡོད། དེ་ནས་རིམ་པས་རྒྱ་གར་ནང་རྒྱ་གར་བ་ཙམ་མིན་པར་འཛམ་གླིང་གི་མི་རིགས་འདྲ་མིན་སྣ་ཚོགས་དང་ལྷན་དུ་ཐུགས་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་སྟེ་སེམས་ཚོར། ལུས་པོ་སོགས་གང་གི་ཆ་ནས་གཅིག་གྱུར་ཡིན་པ་མྱོང་ཚོར་བྱུང་། འོན་ཀྱང་། ཕྱོགས་གཞན་ཞིག་ནས་འགྲོ་བ་མི་གཅིག་ཡིན་ན་ཡང་ཕན་ཚུན་དབྱེ་འབྱེད་ཤུགས་ཆེ་ཡོད་པ་དེས་འཛམ་གླིང་ནང་དྲག་རྩུབ་དང་དཀའ་རྙོག་མང་པོ་བཟོ་བཞིན་པ་ཡོད་པ་རེད། གནའ་སྔ་མོ་ཡིན་ན། མི་རྣམས་བསམ་བློ་ཆུང་དྲག་པའི་དབང་གིས་གནས་ཚུལ་དེ་དག་བྱུང་གི་ཡོད། འོན་ཀྱང་། ད་ལྟ་དུས་རབས་༢༡གི་སྐབས་འདིར་ང་ཚོས་ངེས་པར་དུ་འགྲོ་བ་མིའི་བདེ་རྩར་བསམ་བློ་གཏོང་དགོས་གལ་ཆེ་ཞིང་། ཇི་ཙམ་གྱིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་པ་དེས་གུ་དོག་བའི་བསམ་བློའི་རིགས་ཉུང་དུ་གཏོང་ཐུབ་ཅེས་བཀའ་གནང་སོང་།
ཡང་ཁེ་ཎ་ཌར་གནས་སྡོད་བྱེད་མཁན་ན་གཞོན་སྒྱུ་རྩལ་བ་(Emmanual Jal)ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་པའི་རྗེས། ཁྱེད་ཉིད་མི་འདོད་བཞིན་དུ་སོ་སོའི་རྒྱལ་ཁབ་བཞག་སྟེ་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་དགོས་བྱུང་བ་རེད། ལོ་ངོ་བཅུ་ཕྲག་དྲུག་གི་སྐྱབས་བཅོལ་གྱི་དུས་ཡུན་འདིའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་ལོ་བགྲེས་ཤོས་གྲས་ཤིག་ཡིན་པས། འདས་པའི་བཙན་བྱོལ་གྱི་དུས་སྐབས་འདིར་ཁྱེད་ཉིད་ལ་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་པས་དེ་དག་ལ་གདོང་ལེན་ཇི་ལྟར་གནང་ཡོད་པ་བཀའ་འདྲི་དགོངས་སྐོར་ཞུས་སྐབས། འདས་པའི་ལོ་རྒྱུས་ལ་ང་ཚོས་ཕྱིར་བལྟས་ཤིག་བྱས་ན། བོད་དང་སོག་པོ། རྒྱ་ནག་བཅས་གསུམ་གྱི་བར་འབྲེལ་བ་གཏིང་ཟབ་པོ་ཡོད། དམིགས་བསལ་གྱི་དུས་རབས་བདུན་པའི་སྐབས་སུ། བོད་དང་རྒྱ་ནག་བར་འབྲེལ་བ་ཡག་པོ་བྱུང་ཡོད། རྗེས་སུ་གཅིག་སྡུད་སྲིད་གཞུང་གིས་དབང་བསྒྱུར་དང་། གུ་དོག་པའི་རྒྱ་ནག་གི་དཔོན་རིགས་ཚོའི་བྱ་སྤྱོད་བརྒྱུད་ཐུན་མོང་མ་ཡིན་པའི་བོད་ཀྱི་ནང་ཆོས་དང་རིག་གཞུང་དེ་རྩ་མེད་བཟོ་ཐབས་བྱས་དང་བྱེད་མུས་རེད། དེ་དག་ནི་དཀའ་ངལ་གྱི་འབྱུང་རྩ་ངོ་མ་དེ་རེད། རྒྱ་ནག་གཞུང་གི་མགྲོན་འབོད་ལྟར། སྤྱི་ལོ་༡༩༥༤ལོར་ངོས་རྒྱ་ནག་ལ་ཕྱིན་པ་ཡིན། སྐབས་དེར་གཙོ་འཛིན་མའོ་ཙེ་ཏུང་དང་དམར་ཤོག་གི་ཚོགས་མི་མང་པོ་ཞིག་དང་ཐུག་འཕྲད་བྱུང་བས། ངོས་རང་ཧ་ཅང་གི་ཡི་རངས་སྐྱེས་བྱུང་བ་མ་ཟད། ངོས་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་བྱ་འདོད་བྱུང་། འོན་ཀྱང་རྗེས་སུ། གཙོ་འཛིན་མའོ་ཙེ་ཏུང་དང་དམར་ཤོག་གི་དཔོན་རིགས་ནང་ཁུལ་ལ་དབང་ཆ་འཐབ་རྩོད་དང་། སོ་སོ་སྒེར་གྱི་སྟོབས་ཤུགས་ངོམ་རེས་བྱས་པ་དེས་དཀའ་ངལ་མང་པོ་ཞིག་བཟོས་ཡོད་ལ། ང་ཚོ་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡང་རྒྱ་ནག་དམར་ཤོག་གི་དྲག་རྩུབ་ཆེ་དྲག་པའི་བྱ་སྤྱོད་ཀྱི་དབང་གིས་ཡིན་ཅེས་བཀའ་ལན་གནང་སོང་།
སྔར་ལས་ཀྱང་བདེ་སྐྱིད་ལྡན་པའི་ཐུན་མོང་གི་འཛམ་གླིང་(ONE Better World Collective)ཞེས་པའི་ཚོགས་པ་དེའི་དམིགས་ཡུལ་གཙོ་ནི། ཚང་མས་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་བླངས་པའི་ཐོག་ཐབས་ལམ་དང་ལས་འགུལ་འདྲ་མིན་བརྒྱུད་༢༠༢༡ ནས་༢༠༣༠བར་ལོ་བཅུ་ནང་ཚུད་དུ་ས་ཕྱོགས་གང་སར་གནས་པའི་འགྲོ་བ་མི་རྣམས་མཉམ་རུབ་ཀྱི་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་ཡུལ་གཞིར་བཟུང་བཟང་ཕྱོགས་ཀྱི་འཛམ་གླིང་རྒྱུན་འཛིན་ཞེས་པའི་ལས་གཞིའི་ཐོག་ཤུགས་གནོན་རྒྱག་བཞིན་པ་དེ་ཡིན་འདུག