རྒྱལ་སྤྱིའི་རང་བཞིན་གྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་ལས་འཆར་དབུ་འབྱེད།
2019.04.05

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཤེས་ཡོན་ལས་འཆར་འདི་བརྒྱུད་ནས་དུས་ཐུང་མིན་ཡང་མ་འོངས་སྤྱི་ཚོགས་དེ་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུར་ཕན་ཐོགས་ཡོང་གི་རེད་ཅེས་༧གོང་ས་མཆོག་གིས་ལས་འཆར་དབུ་འབྱེད་སྐབས་བཀའ་སྩལ་འདུག
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་དང་མཐུན་པ་དང་། ཨ་རིའི་ཨེ་མོ་རེ་(Emory)གཙུག་ལག་སློབ་གྲྭ་ཆེན་མོས་གཏན་འབེབས་ཞུས་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཤེས་ཡོན་ལས་འཆར་རམ་སྤྱི་ཚོགས་དང་། སེམས་མྱོང་། སྤྱོད་བཟང་ཞེས་པའི་ཤེས་ཡོན་སློབ་གསོའི་ལས་འཆར་དེ་བཞིན་སྐད་ཡིག་མི་འདྲ་བ་༡༤འི་ནང་བསྒྱུར་ནས་ཕྱི་ཟླ་༤ཚེས་༥ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཐོག་ནས་ལྡི་ལིར་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་༧གོང་ས་མཆོག་གིས། ཤེས་ཡོན་ལས་འཆར་འདི་དབུ་འབྱེད་གནང་ཐུབ་པ་བྱུང་བར་ཨ་རིའི་ཨེ་མོ་རེ་(Emory)གཙུག་ལག་སློབ་གྲྭ་ཆེན་མོ་གཙོས་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་བ་དང་སྦྲགས་ལས་འཆར་འདིའི་གྲུབ་འབྲས་དུས་ཡུན་ཐུང་ངུ་ཞིག་གི་ནང་མཐོང་རྒྱུ་མིན་ཡང་མ་འོངས་པའི་མི་རབས་རྗེས་མ་དང་སྤྱི་ཚོགས་དེ་བྱམས་བརྩེ་ལྡན་པ་ཞིག་བསྐྲུན་རྒྱུར་ཕན་ཐོགས་ཡོང་གི་རེད་ཅེས་ལས་འཆར་དབུ་འབྱེད་སྐབས་བཀའ་སྩལ་ཡོད།
དབུ་འབྱེད་མཛད་སྒོའི་ཐོག་ནོ་བེལ་ཞི་བའི་གཟེངས་རྟགས་བཞེས་མྱོང་མཁན་རྒྱ་གར་བ་(Kailash Satyarthi)ལགས་དང་། རྒྱལ་ས་ལྡི་ལིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ཤེས་ཡོན་བློན་ཆེན་གཅིག་ལྕོགས་སྐུ་ཞབས་(Manish Sosodia) རྣམ་གཉིས་ཀྱང་ཕེབས་ནས་བཟང་སྤྱོད་དང་འབྲེལ་བའི་ཤེས་ཡོན་སློབ་གསོའི་ལས་འཆར་འདི་བཞིན་དཀའ་རྙོག་ཡོད་པའི་དེང་གི་འཛམ་གླིང་གི་དཀའ་རྙོག་སེལ་བྱེད་ཡག་ཤོས་དང་། འཛམ་གླིང་འདིར་ལོ་རྒྱུས་ལྡན་པའི་ཕྱག་རྟགས་ཡག་ཤོས་ཤིག་ཀྱང་ཡིན། འདས་བའི་ལོ་གཅིག་གི་ནང་ལྡི་ལི་མངའ་སྡེ་གཞུང་གི་སློབ་གྲྭ་ཁག་གི་ནང་བདེ་སྐྱིད་སློབ་ཚན་ཟུར་ཁྲིད་བྱས་བ་བརྒྱུད་ནས་ཕྲུ་གུའི་སྤྱོད་ལམ་ལ་འགྱུར་བ་ཕྱིན་ནས་གཞན་ཕན་གྱི་བསམ་བློ་སླེབས་ཡོད་པ་སོགས་གཏམ་བཤད་གནང་ཡོད།
ཡང་དབུ་འབྱེད་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཤེས་རབ་གྱི་ངོ་བོའི་གནས་ལུགས་ལ་བརྟག་པའི་ཚེ་སྣང་ཚུལ་དང་། གནས་ལུགས་མི་མཐུན་པ་ཡོད་པ་རྟོག་ཐུབ་ལ། དེ་ཡང་དེང་དུས་ཚན་རིག་པས་ཀྱང་གཅིག་མཚུངས་ངོས་འཛིན་བྱེད་བཞིན་ཡོད་པས་མིའི་རྣམ་སྤྱོད་དང་། ཤེས་རབ་ཀྱི་གྲོགས་ལ་བརྟེན་ནས་ཤེས་ཡོན་སློབ་གསོའི་ཐོག་ནས་སེམས་ལ་བཟོ་བཅོས་ཐུབ་རྒྱུ་ཡིན་པ་དང་། ཁོང་ཁྲོ་དང་ང་རྒྱལ་སོགས་ཀྱིས་རང་གཞན་གཉིས་ཀར་གནོད་པར་བྱེད་ཀྱི་ཡོད་པ་སོགས་ཀྱི་བཀའ་གནང་ཡོད།
དེ་བཞིན་ཨ་རིའི་ཨེ་མོ་རེ་(Emory)གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་རོབྷོཊི་པོལུ་ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། ཨེ་མོ་རེ་(Emory)གཙུག་ལག་སློབ་གྲྭ་ཆེན་མོའི་བར་མི་ལོ་ཉི་ཤུའི་རིང་འབྲེལ་བ་བྱུང་བ་བརྒྱུད་བྱམས་བརྩེ་དང་འབྲེལ་བའི་ཤེས་ཡོན་ལས་འཆར་འདི་སློབ་ཚན་གཞན་ལྟར་ལག་བསྟར་བྱེད་རྒྱུའི་གདེངས་སྤོབས་བྱུང་བ་སོགས་གཏམ་བཤད་གནང་ཡོད།
རྒྱལ་སྤྱིའི་རང་བཞིན་ལྡན་པའི་དབུ་འབྱེད་མཛད་སྒོའི་ཐོག་རྒྱལ་ཁབ་ཁག་༣༧ནས་མཁས་ལས་མི་སྣ་དང་། ཤེས་ཡོན་སྡེ་ཚན། དགེ་རྒན་དང་སློབ་ཕྲུག་སོགས་ཚོགས་བཅར་བ་སྟོང་ཕྲག་བརྒལ་བ་མཉམ་ཞུགས་གནང་ཡོད།