༧གོང་ས་མཆོག་གིས་སྤྱི་ཚོགས་དང་སེམས་མྱོང་། སྤྱོད་བཟང་གི་ཤེས་ཡོན་ལས་འཆར་དབུ་འབྱེད་མཛད་རྒྱུ།


2019.04.03
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག
OHHDL

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྤྱི་ཚོགས་དང་སེམས་མྱོང་། སྤྱོད་བཟང་གི་ཤེས་ཡོན་ལས་འཆར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཐོག་ནས་ལྡི་ལིར་དབུ་འབྱེད་གནང་རྒྱུ་ཡིན་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་སྤྱི་ཚོགས་དང་སེམས་མྱོང་། སྤྱོད་བཟང་སྟེ་བྱམས་བརྩེ་དང་། བློ་གྲོས་སྤེལ་བའི་ཤེས་ཡོན་ལས་འཆར་དེ་བཞིན་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཐོག་ནས་ཕྱི་ཟླ་༤་ཚེས་༥་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དབུ་འབྱེད་གནང་རྒྱུ་ཡིན་པ་རེད། ལས་འཆར་འདིར་ཡོངས་གྲགས་སུ་ཆོས་ལུགས་ལ་མ་བརྟེན་པའི་སྤྱོད་བཟང་ཞེས་འབོད་ཀྱི་ཡོད་པ་དང་། ཤེས་ཡོན་སློབ་གསོའི་ལམ་ལུགས་འདི་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་མང་རིང་སྙིང་རྗེ་དང་སྤྱོད་བཟང་ལྡན་པའི་འཇིག་རྟེན་ཞིག་བསྐྲུན་རྒྱུར་ངེས་པར་དུ་ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་བྱམས་བརྩེ་དང་གཞན་ཕན་སོགས་ཀྱི་སློབ་གསོ་ཡོང་དགོས་པའི་ཐུགས་འདུན་ལས་བྱུང་བ་ཞིག་ཡིན་པ་རེད།
ཤེས་ཡོན་ལས་འཆར་འདིའི་ནང་ཐུགས་འགན་བཞེས་མཁན་གྲས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། འདི་ལྟ་བུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་དབུ་འབྱེད་གནང་པ་བརྒྱུད་བྱམས་བརྩེ་དང་ཡ་རབས་སྤྱོད་བཟང་གི་སློབ་གསོ་ཁག་ཡོངས་ཁྱབ་ཅན་ཞིག་ཆགས་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་གསུང་གི་འདུག
སྤྱི་ཚོགས་དང་སེམས་མྱོང་། སྤྱོད་བཟང་གི་སློབ་གསོའི་ལམ་ལུགས་འདི་ནི་ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ལོ་མང་རིང་ཞིབ་འཇུག་དང་མཁས་དབང་དང་ཆེད་ལས་མི་སྣ་དུ་མ་དང་ཞིབ་བསྡུར་གྱི་ཐོག་ནས་ཆེད་བསྒྲིགས་ཞུས་པ་ཞིག་ཡིན་པ་རེད།
ཕྱི་ཟླ་༤ ཚེས་ ༤ཉིན་ཤེས་ཡོན་ལས་འཆར་འདི་གཏན་འབེབས་གནང་ཕྱོགས་དང་འབྲེལ་བའི་ཐོག་ནས་གསར་འགོད་ལྷན་ཚོགས་ཤིག་བསྐོང་འཚོགས་གནང་རྒྱུ་ཡིན་འདུག་ཅིང་། ཕྱི་ཚེས་ ༥ དང་ ༦ ཉིན་ཤེས་ཡོན་ལས་འཆར་འདི་དངོས་སུ་དབུ་འབྱེད་གནང་རྒྱུ་ཡིན་པ་དང་། ཡུལ་གྲུ་དུ་མ་ཞིག་ནས་སྐུ་ཚབ་མི་སྣ་ཆེད་བཅར་ཞུ་གི་ཡོད་པ་ལྡི་ལིར་བཅའ་བཞུགས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ལྷོ་ཤར་ཨེ་ཤེ་ཡའི་འབྲེལ་འཐུད་པ་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ཕྱི་ཚེས་ ༥ དང་ ༦ སོ་སོའི་དབུ་འབྱེད་མཛད་སྒོ་དང་འབྲེལ་བའི་མཛད་རིམ་ནང་གཙོ་ཆེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་མཁས་དབང་ཁག་གིས་བྱམས་བརྩེ་དང་བློ་གྲོས་སྤེལ་བའི་ཤེས་ཡོན་ལས་འཆར་ལག་བསྟར་བྱ་ཕྱོགས་དང་མ་འོངས་པའི་དམིགས་ཡུལ་སོགས་དང་འབྲེལ་བའི་ཐད་བགྲོ་གླེང་གནང་རྒྱུ་ཡིན་འདུག
དབུ་འབྱེད་དང་འབྲེལ་བའི་མཛད་འཕྲིན་ཁག་གྲུབ་རྗེས། ཕྱི་ཚེས་ ༧ ཉིན་རྒྱལ་སྤྱིའི་གཞོན་སྐྱེས་ཚོང་དོན་སྒྲིག་འཛུགས་དང་ཊེམ་པལ་ཊན་སྒྲིག་འཛུགས་ཐོུང་གིས་གོ་སྒྲིག་ཞུས་པའི་ཚོགས་འདུའི་དབུ་འབྱེད་ཐོག་བཀའ་སློབ་གསུང་བཤད་གནང་རྒྱུའི་མཛད་འཆར་ཡོད་པ་རེད།
ཕྱི་ཚེས་ ༤ དང་ ༥ ། ༦ སོ་སོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ལྡི་ལིའི་མཛད་འཆར་དང་འབྲེལ་བའི་ཐད་དམིགས་བསལ་ལས་རིམ་ཁག་གཅིག་རྒྱང་སྲིང་ཞུ་གི་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎