༧གོང་ས་མཆོག་གི་ཐེབས་རྩ་ཁང་གི་སློབ་ཡོན་གསལ་བསྒྲཊ་གནང་འདུག
2014.04.11
༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐེབས་རྩ་ཁང་གིས་སྤྱི་ལོ༢༠༡༤ལོའི་སློབ་ཡོན་གསལ་བསྒྲགས་གནང་འདུག
དེ་ཡང་འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་ལ་རྟེན་གཞི་བྱས་པའི་The Dalai Lama Trustཞེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ལ་ཡོད་པའི་ཐེབས་རྩ་ཁང་ གིས་གཙུག་ལག་སློབ་ཐོན་པ་རྩེ་ཕུད་ཅན་གྱི་སློབ་མ་༡༠ནས་༡༥་བར་འདེམས་སྒྲུག་གནང་བ་རྣམས་ལ་ཕྱི་ལོ་༢༠༡༤་ལོའི་སློབ་ཡོན་ཨ་སྒོར་༡༠༠༠༠ཆིག་ཁྲི་རེ་གནང་རྒྱུ་ཡིན་འདུག གོང་ཞུས་ལས་འཆར་ནང་སློབ་ཡོན་ཐོབ་བཞིན་པའི་སློབ་ཕྲུག་རྣམས་ཀྱིས་གལ་ཏེ་སློབ་ཡོན་བསྐྱར་དུ་ཞུ་འདོད་ཡོད་ན་སྙན་ཞུ་ཡང་བསྐྱར་འབུལ་དགོས་འདུག སློབ་ཡོན་དེ་ཞུ་འདོད་ཡོད་པའི་སློབ་མ་རྣམས་ཡོ་རོབ་དང་། ཨ་མི་རི་ཀ ཨོས་ཀྲེ་ལི་ཡ་ཡུལ་གྲུ་གང་རུང་ནང་གི་གཙུག་ལག་སློབ་གྲ་ཆེན་མོའི་ནང་graduate degreeཡོད་པ་འམ་གཙུག་ལག་སློབ་གྲའི་ནང་དེབ་བཀོད་ཟིན་པ། ཡང་ན་གཙུག་ལག་སློབ་གྲར་སློབ་ཞུཌ་ཆོག་པའི་ཡིག་ཆ་ཡོད་པ་བཅས་དགོས་ཀྱི་ཡོད་པ་མ་ཟད། སྙན་ཞུ་འབུལ་མཁན་རྣམས་བོད་པའི་མི་རྒྱུད་ཡིན་པའི་ར་སྤྲོད་ངེས་པར་དུ་གནང་དགོས་སྐོར་འཁོད་འདུག
ད་དུང་གནས་ཚུལ་ནང་སློབ་ཡོན་ཞུ་འདོད་ཡོད་པའི་བོད་པའི་སློབ་ཕྲུག་རྣམས་ཀྱིས་སྙན་ཞུའི་འགེང་ཤོག་ཆ་ཚང་དང་མཉམ་དུ་རྒྱབ་གཉེར་གྱི་ཡིག་ཆ་ཁག་སོགས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ལ་ཡོད་པའི་ཐེབས་རྩ་ཁང་ལ་འདི་ལོའི་ཕྱི་ཟླ་༥་པའི་ཚེས་༢༣་འགྱངས་མེད་སྦྲག་ཐོག་དང་། ཡང་ན་emailའམ་གནས་འཕྲིན་དྲ་རྒྱ་གང་རུང་བརྒྱུད་ནས་འབུལ་དགོས་པ་དང་། སྙན་ཞུ་ཕུལ་བའི་འབྱོར་ལན་ཁག་གནས་འཕྲིན་དྲ་རྒྱ་བརྒྱུད་ནས་གནང་རྒྱུ་ཡིན་འདུག སློབ་ཡོན་ཐོབ་མཁན་གྱི་མཐའ་མའི་གསལ་བསྒྲགས་འདི་ལོའི་ཕྱི་ཟླ་༧་ཚེས་༦སྐུའི་འཁྲུངས་སྐར་དུས་ཆེན་ཉིན་གནང་འཆར་ཡོད་འདུག་ལ་སྙན་ཞུའི་འགེང་ཤོག་དང་དེའི་རྩ་འཛིན་ཡིག་ཆ་ཁག་www.dalailamatrust.org/scholarship ཞེས་པའི་དྲ་རྒྱར་གསལ་བོ་འཁོད་ཡོད་པ་རེད་འདུག
གསར་འགོད་པ་བསོད་ནམ་ལྷ་མོ།