ཡ་རབས་ཐུན་མོང་གི་སྒྲུབ་བྱ་རེད།
2013.08.26

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས། འདི་ཚེས་ ༢༥ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་གཙུག་ལག་ཁང་དུ་ཀོ་རི་ཡའི་དད་ལྡན་པ་གཙོ་བོར་གྱུར་བའི་ཆོས་ཞུ་བ་ལྔ་སྟོང་ཙམ་ལ་་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་མདོར་བསྡུས་དང་སྔགས་རིམ་ཆེན་མོའི་གསུང་ཆོས་དབུ་འཛུགས་གནང་སྐབས། ང་ཚོ་ཚང་མ་ཆོས་ལ་དད་པ་ཡོད་པ་དང་མེད་པ་གང་ཡིན་ཡང༌། ཡ་རབས་ཟེར་བ་དེ་ང་ཚོ་ཐུན་མོང་གི་སྒྲུབ་བྱ་རེད། འཛམ་གླིང་ནང་བདེ་སྐྱིད་ཅིག་དགོས་ན། གཞན་ཕན་དང་སེམས་པ་བཟང་པོ་བྱེད་དགོས་པ་དེ་གལ་ཆེན་པོ་རེད་ཅེས་བཀའ་སློབ་བསྩལ་འདུག ཐེངས་འདིའི་གསུང་ཆོས་ལ་བཅར་མཁན་གྱི་གྲས་སུ་ ཀོ་རི་ཡ་ནས་མི་གྲངས་ ༣༥༠ དང་། རྒྱ་ནག་སྐམ་ས་ཆེན་མོ་ནས་མི་ ༢༠། དེ་མིན་གྱི་རྒྱལ་ཁབ་ཁག་ ༦༡ ཙམ་ནས་མི་ ༨༥༠ ལྷག་དང༌། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་སྡོམ་མི་གྲངས་ ༥༠༠༠ ཙམ་འདུ་འཛོམས་བྱུང་འདུག།