དོགས་པ་རྣམ་རྟོག་འོག་རྩོད་རྙོག་སེལ་ཐབས་མེད།
2012.11.03
༄༅༎ཁ་སང་ཕྱི་ཚེས་༢་ཉིན་༸གོང་ས་མཆོག་ཉི་ཧོང་དུ་ཆིབས་སྒྱུར་བསྐྱངས་ཆེད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་༧ཞབས་སོར་འཁོད་སྐབས། རྒྱ་གར་གྱི་གསར་ཤོག་ ཧིན་རྡུ་སི་ཏན་ ཊའི་ཨེམ་སི་ ཞེས་པའི་གསར་འགོད་པའི་དྲི་བར་བཀའ་ལན་གནང་བའི་ནང༌། དེ་སྔ་རྒྱ་གར་གཞུང་གིས་བོད་ཀྱི་གནད་དོན་ཐོག་རྒྱ་ནག་གཞུང་དང་འབྲེལ་བ་གནང་སྐབས་དོགས་ཟོན་དང་གཟབ་ནན་ཆེ་དྲག་པའི་སྐྱོན་འདུག་ཅེས་བརྗོད་མྱོང་ཡོད་ཀྱང་ད་ཆ་དེར་འགྱུར་བ་ཕྱིན་ཡོད་པ་དང༌། དེ་ཡང་ཕྱི་ལོ་༢༠༠༩ལོར་རྒྱ་གར་གཞུང་གིས་རྒྱ་ནག་གི་སྐྱོན་བརྗོད་བྱས་མིན་ལ་མ་ལྟོས་པར་ངོས་རང་རྒྱ་གར་བྱང་ཤར་རྟ་དབང་ཁུལ་དུ་འགྲོ་རྒྱུར་དམ་བསྒྲགས་གང་ཡང་མ་བྱས་པར་ཆོག་མཆན་གནང་བྱུང་ཞེས་དཔེ་མཚོན་དུ་གསུངས་འདུག
ད་དུང་༸གོང་ས་མཆོག་ནས། བོད་ཀྱི་གནས་སྟངས་དེ་རྒྱུན་ལྡན་ཅན་དུ་བསྐྱར་གསོ་ཐུབ་པ་ཡིན་ན། དེ་བརྒྱུད་ནས་རྒྱ་དཀར་ནག་གཉིས་བར་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་ཐུབ་པ་དང༌། ཡུལ་གཉིས་དབར་འབྲེལ་ལམ་བཟང་པོ་ཞིག་ཏུ་འཕེལ་རྒྱས་འགྲོ་ཐུབ་རྒྱུ་ཡིན་པ་ལས་འཇིགས་སྣང་དང་དོགས་པ་རྣམ་རྟོག་འོག་ཡུལ་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་སེལ་ཐབས་མེད་པ་རེད་ཅེས་བཀའ་བསྩལ་འདུག།