༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་འཁོད།


2016.07.08
༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་ལ་ཞབས་སོར་བདེ་འཁོད་གནང་སྐབས། ༢༠༡༦།༧།༨ ༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་ལ་ཞབས་སོར་བདེ་འཁོད་གནང་སྐབས། ༢༠༡༦།༧།༨
འཇིགས་མེད་སྙན་གྲགས།/RFA

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་མཆོག་གིས། ཨ་རི་དང་དེའི་རྗེས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རླབས་ཆེན་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་ནས་དེ་རིང་ཚེས་༨་ཉིན་བཞུགས་སྒར་དུ་༧ཞབས་སོར་བདེ་བར་འཁོད་གནང་མཛད་འདུག
དེ་ཡང་གནས་ཚུལ་ལྟར་ན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག ཉེ་ལམ་ཨ་རིའི་ཁུལ་དུ་བཀྲིན་ཆིབས་བསྒྱུར་གྱིས་མང་ཚོགས་ལ་བཀའ་སློབ་གསུངས་བཤད་དང་། ལྷག་པར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གཙོས་པའི་གནད་ཡོད་མི་སྣ་མང་པོ་ཞིག་མཇལ་འཕྲད་མཛད་དེ་འཛམ་གླིང་ནང་ཞི་བདེ་སྐྲུན་ཐབས་དང་། ཡང་སྒོས་བོད་དོན་བདེན་མཐའ་གསལ་རྒྱུར་མཛད་འཕྲིན་རླབས་ཆེན་བསྐྱངས་རྗེས། སྐུ་ངལ་ལ་མ་འཛེམ་པར་རྒྱ་གར་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཞབས་སོར་འཁོད་ནས་མཛད་འཕྲིན་སྣ་མང་བསྐྱངས་རྗེས། མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཚེས་༨་ཉིན་གྱི་སྔ་དྲོར་ལྡི་ལི་ནས་མཁའ་ལམ་བརྒྱུད་ Gagal་གནམ་ཐང་དུ་༧་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག
༧གོང་ས་མཆོག་གནམ་ཐང་དུ་ཆིབས་བསྒྱུར་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་བཅས་ཕེབས་བསུར་བཅར་ཡོད་པ་དང་། གནམ་ཐང་གི་ཕྱི་ལ་ས་གནས་འཐུས་ཚོགས་དང་། ས་གནས་བདེ་དོན། ས་གནས་རང་བདེན་ཚོགས་ཆུང་། རྡ་ས་ཁུལ་གྱི་སློབ་གྲྭ་ཁག་གི་འགན་འཛིན། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་བཅས་ནས་དཀར་གཙང་མཇལ་དར་ལག་ཏུ་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག
དེ་རྗེས་སྔ་དྲོ་༡༡་ཙམ་ལ་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་གནང་སྐབས། ཕེབས་ལམ་གཡས་གཡོན་དུ་དགེ་འདུན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད། སློབ་ཕྲུག་ དད་ལྡན་མང་ཚོགས་སོགས་ནས་ལག་ཏུ་དཀར་གཙང་མཇལ་དར་དང་། མཆོད་རྫས་སྣ་ཚོགས་ཐོགས་ནས་གུས་བསུ་ཞལ་མཇལ་ཞུས་པ་དང་། ཕོ་བྲང་དུ་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དབུས་ཁྲིམས་ཞིབ་པ་གཞན་གཉིས་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག བཀའ་བློན་རྣམ་པ་བཅས་དང་། ཕོ་བྲང་གི་རྒྱལ་སྒོའི་ནང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། རང་དབང་ཅན་གྱི་འགན་འཛིན་རྣམ་པ། དེ་བཞིན་དྲུང་ཆེ་རྣམ་པ་བཅས་ཕེབས་བསུར་བཅར་འདུག
མཛད་འཆར་གཞིར་བཟུང་ལྟར་ན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༡༣་ཉིན། ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་གནས་མཆོག་མཚོ་པད་མར་བཀྲིན་ཆིབས་བསྒྱུར་གྱི་ཆོས་འབྲེལ་བསྐྱངས་གནང་མཛད་རྒྱུ་ཡིན་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎