༸གོང་ས་མཆོག་གིས་ཉི་ཧོང་ནང་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད་པ།

2024.01.03
༸གོང་ས་མཆོག་གིས་ཉི་ཧོང་ནང་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད་པ། ༸གོང་ས་མཆོག་དང་ཉི་ཧོང་སྲིད་བློན་རྣམ་གཉིས།
སྒྲིག་བཟོ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཉི་ཧོང་གི་ནུབ་ཕྱོགས་ས་ཁུལ་ཨེ་ཤི་ཀ་བ་ (Ishikawa) རུ་ས་ཡོམ་ཤུགས་ཚད་ ༧་༦ ཅན་ཞིག་བརྒྱབ་སྟེ། མི་རྒྱུ་གཉིས་ཀར་གནོད་སྐྱོན་ཚབས་ཆེན་ཕོག་པར་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

དེ་ཡང་འདི་ཚེས་ ༢ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། གནས་མཆོག་རྡོ་རྗེ་གདན་ནས་ཉི་ཧོང་གི་སྲིད་བློན་སྐུ་ཞབས་ Fumio Kishida མཚན་ཐོག་ཏུ། གོད་ཆག་ཕོག་པའི་མི་མང་རྣམས་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་། ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་ཤོར་བ་རྣམས་ཀྱི་ཆེད་དུ་བསྔོ་བ་སྨོན་ལམ་དང་། རྨས་སྐྱོན་ཕོག་པ་རྣམས་ལ་ཐུགས་སྨོན་མཛད་འདུག་ཅིང་། ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐུགས་གསོ་མཛད་དེ། ད་ལྟའི་ཆར་ཉི་ཧོང་གཞུང་གིས། གཙོ་འགན་བཞེས་ཏེ། མུ་མཐུད་མྱུར་སྐྱོབ་ཀྱི་ལས་གཞི་སྤེལ་བཞིན་པར་བསྔགས་བརྗོད་མཛད་འདུག་པ་མ་ཟད། འདི་ཚེས་ ༣ ཉིན་གྱི་སྔ་དྲོ་གནས་མཆོག་རྡོ་རྗེ་གདན་དུ་དགེ་བཤེས་ལྷ་རམས་པའི་ཕྱག་འཁྱེར་མཛད་སྒོའི་སྐབས་སུ་ཡང་། ༸གོང་ས་མཆོག་གིས། ཉི་ཧོང་ནི་ནང་པའི་རྒྱལ་ཁབ་ཅིག་ཡིན་པས། ཚང་མས་ཉི་ཧོང་གི་ཆོས་གྲོགས་ཚོའི་ཆེད་དུ་ཤེས་རབ་སྙིང་པོ་འདོན་དགོས་པ་གལ་ཆེ་ཡིན་ཞེས་བཀའ་བསྩལ་འདུག 

2024-01-02T071523Z_1083726945_RC2J95ATBRX0_RTRMADP_3_JAPAN-QUAKE.JPG

ས་ཡོམ་བརྒྱབ་ཡུལ་ཁུལ་དུ་མུ་མཐུད་ཛ་དྲག་མྱུར་སྐྱོབ་ཀྱི་ལས་གཞི་སྤེལ་མུས་ཡིན་པའི་ཁར། འདི་ཚེས ༣ ཉིན་གྱི་ཕྱི་དྲོ་བར་མི་གྲངས་ ༦༧ ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བཞིན་འདུག་པ་མ་ཟད། རྐྱེན་ལམ་དུ་ཤོར་བའི་ཁ་གྲངས་དེ་ལས་མང་བ་འགྲོ་སྲིད་པ་ཚོད་དཔག་ཀྱང་གནང་བཞིན་འདུག་ཅིང་། ཉི་ཧོང་སྲིད་བློན་མཆོག་གིས། ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་ཁག་ཏུ་ཛ་དྲག་ཉེན་སྐྱོབ་པ་མི་གྲངས་ ༣༠༠༠ ཙམ་ཞིག་བཏང་ཡོད་པ་བརྗོད་འདུག

འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་ཞལ་པར་བརྒྱུད་། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ། ད་རེས་ས་ཡོམ་གྱི་གོད་ཆག་ཁྲོད། བོད་མིར་རྐྱེན་ངན་འཕྲད་པའི་རིགས་བྱུང་ཡོད་དམ་ཞེས་དྲིས་པར། ད་བར་བོད་མིར་གནོད་འཚེ་ཕོག་པའི་གནས་ཚུལ་རིགས་མི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་གོང་ཞུས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་གྱི་མཐའ་མཇུག་ཏུ། ངོས་ད་ལྟའི་ཆར་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པས། གནས་འདི་ནི་བཅོམ་ལྡན་འདས་སངས་རྒྱས་པའི་གནས་ཁྱད་དུ་འཕགས་པ་ཞིག་ཡིན་པར་བརྟེན། འདིར་ཕེབས་པའི་དགེ་བཙུན་གཙོ་བོ་འགྱུར་བའི་གནས་སྐོར་བ་ཚོས། གོད་ཆག་ཕོག་པའི་མི་མང་རྣམས་ཀྱི་ཆེད་དུ་ཤེས་རབ་སྙིང་པོ་གསུང་འདོན་གནང་གི་ཡོད་ཅེས་ཐུགས་སྨོན་དང་སྦྲགས་བཀའ་སྩལ་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།      
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎