༸གོང་ས་མཆོག་དང་ཨ་རི་སྲིད་འཛིན་ལོ་རྗེས་མ་མཇལ་འཆར།
2009.11.27
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་།ཨ་མི་རི་ཀའི་སྲིད་འཛིན་སྦ་རམ་ཨོ་སྦ་མ་མཆོག་གི་མཇལ་འཕྲད་དེ་ཕྱི་ལོ་ཉིས་སྟོང་བཅུའི་འགོ་སྟོད་བར་དུ་ཕྱིར་འགྱངས་གནང་བའི་གནས་ཚུལ་ཐོན་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཌོན་དུ།འདི་ལོ་ཕྱི་ཟླ་བཅུ་པའི་ནང་ཞབས་སོར་འཁོད་པའི་སྐབས་ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་མཇལ་འཕྲད་གནང་མེད་ཅིང་།གནད་དོན་དེའི་ཐོག་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་ཁག་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་སྲིད་འཛིན་མཆོག་ལ་སྐྱོན་བརྗོད་གནང་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་ལས་ཁང་གིས་ཨ་མི་རི་ཀའི་སྲིད་འཛིན་མཆོག་རྒྱ་ནག་ལ་རྒྱལ་དོན་འཚམས་གཟིགས་གནང་གྲུབ་པའི་རྗེས་ཕྱི་ལོ་ཉིས་སྟོང་དགུ་ལོའི་མཇུག་ཏུ་མཇལ་འཕྲད་གནང་རྒྱུ་ཡིན་པའི་གསལ་བསྒྲགས་རིམ་པ་སྤེལ་ཡོད་པ་རེད།འོན་ཀྱང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མགྲིན་ཚབ་པ་བསྟན་འཛིན་སྟག་ལྷ་ལགས་ཀྱིས་དབྱིན་ཇིའི་སྦི་སྦི་སི་བརྙན་འཕྲིན་ཁང་ལ་གསུངས་པ་དེ་བོད་ཀྱི་དུས་བབས་ཀྱིས་ལུང་འདྲེན་ཞུས་ནས་གནས་ཚུལ་སྤེལ་དོན་ལྟར་ན།༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རིམ་ཁག་ཧ་ཅང་རྒྱས་པའི་དབང་གིས།ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་མཇལ་འཕྲད་དེ་འདི་ལོ་གནང་ཐུབ་ཀྱི་མེད་པ་དང་ལོ་རྗེས་མའི་འགོ་སྟོད་བར་དུ་ཕྱིར་འགྱངས་གནང་ཡོད་པའི་གནས་ཚུལ་སྤེལ་འདུག
གནས་ཚུལ་དེ་རྒྱ་ནག་གི་གཞུང་འབྲེལ་ཤིང་ཧ་གསར་སྤེལ་ཁང་གིས་ཀྱང་ཧོང་ཀོང་གི་ལྷོ་ཕྱོགས་སྔ་དྲོའི་གསར་ཤོག་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་འདུག་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡་ནས་ཉིན་གྲངས་བཅུའི་རིང་ཨོ་སི་ཌེ་ལི་ཡ་དང་ནེའུ་ཛ་ལནཌ་གཉིས་ནང་གསུང་ཆོས་གཙོ་བོ་འགྱུར་བའི་མཛད་འཆར་བསྐྱང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།