བོད་སོག་གཉིས་ལོ་རྒྱུས་ཐོག་འབྲེལ་བ་ཧ་ཅང་ཉེ་པོ་ཡོད།
2016.09.22
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལན་ཊིར་བོད་པ་དང་སོག་པོ་མཇལ་བཅར་བ་ཚོར་བཀའ་སློབ་སྩལ་འདུག།
དེ་ཡང་གནས་ཚུལ་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་༢༡་ཉིན། ཡོ་རོབ་རྒྱལ་ཁབ་པོ་ལན་ཊིའི་ཝརོ་ཅ་ལོཝ་Wroclaw་གྲོང་ཁྱེར་ནས་རྒྱང་ཐག་སྤྱི་ལེ་ ༥༠་སར་ཆགས་པའི་སཝིདྷ་ནི་ཙ་Swidnica་གྲོང་ཁྱེར་ནང་དུ་རྟེན་གཞི་བྱེད་པའི་ཞི་བདེའི་མཆོད་ཁང་ཞེས་གྲགས་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་གཅེས་ནོར་དུ་ངོས་འཛིན་གནང་བཞིན་པའི་ཡི་ཤུའི་ལྷ་ཁང་དུ་ཆིབས་སྒྱུར་བསྐྱངས་བ་དང་། དེ་ཉིན་གྱི་མཛད་འཕྲིན་མ་བསྐྱངས་གོང་ཐོག་མར་པོ་ལན་ཊིར་གནས་སྡོད་བྱེད་བཞིན་པའི་བོད་མི་དང་། སོག་པོ་ཚོས་མཇལ་ཁ་ཞུས་སྐབས་བཀའ་སློབ་སྩལ་དོན། བོད་ལ་འཛམ་གླིང་ཡང་ཐོག་དང་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཞེས་འབོད་སྲོལ་ཡོད། ང་ཚོ་བོད་མི་ཚོར་མཚོན་ན་བོད་པ་རང་གི་སྐད་དང་ཡི་གེ་ཡོད། དེང་སྐབས་ནང་པ་སངས་རྒྱས་པའི་ཆོས་ཚུལ་འགྲེལ་བཤད་ཡང་དག་པ་ཞིག་རྒྱག་དགོས་ན་བོད་སྐད་ལས་ལྷག་པ་ཧ་ལམ་མེད། སྔ་མོ་བོད་པ་འགའ་ཤས་རང་ཉིད་བོད་ནས་ཡོང་བ་ཡིན་ཞེས་བརྗོད་རྒྱུར་ངོ་ཚ་བྱེད་མཁན་དེ་འདྲ་བྱུང་བ་རེད། འོན་ཀྱང་དེང་སྐབས་དེ་འདྲ་བྱེད་མཁན་མེད། ང་ཚོ་བོད་མི་ཡིན་བསམས་པའི་གདེངས་སྤོབས་བྱ་རྒྱུ་དེར་རྒྱུ་མཚན་ཆ་ཚང་ཡོད། རྒྱུ་མཚན་དང་གོམས་འདྲིས་ལ་གཞི་བཅོལ་ནས་ང་ཚོའི་རྒྱུད་ལ་བྱམས་བརྩེའི་ས་བོན་ཡོད་པ་དེ་རྒྱ་བསྐྱེད་གཏོང་ཐབས་བྱེད་དགོས་ཅེས་བཀའ་སློབ་སྩལ་བསྟུན་སོག་རིགས་རྣམས་ལ་བཀའ་སློབ་སྩལ་སྐབས། སོག་ཡུལ་དུ་དར་ལམ་བརྒྱུད་སངས་རྒྱས་ཀྱི་བསྟན་པ་ཐོག་མ་དར་ཚུལ་དང་། བར་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་སྤེལ་ཚུལ། དེ་རྗེས་༧རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་སོག་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་མཛད་ཚུལ་སྐོར། དེ་བཞིན་མགོན་པོ་གང་ཉིད་མཆོག་ཕྱི་ལོ་༡༩༧༩་ལོར་སོག་ཡུལ་དུ་ཆིབས་སྒྱུར་ཐེངས་དང་པོ་བསྐྱངས་གནང་མཛད་པ་དང་། ༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ལྟ་བུར་མཚོན་ན་སོག་ཡུལ་དུ་བཞུགས་པ་ཙམ་དུ་མ་ཟད། སོག་སྐད་མཁྱེན་གྱི་ཡོད་པ་དང་། བོད་སོག་གཉིས་ལོ་རྒྱུས་ཐོག་འབྲེལ་བ་ཧ་ཅང་ཉེ་པོ་ཡོད་པ་བཀའ་གནང་ཡོད་པ་རེད།
བཀའ་སློབ་སྩལ་རྗེས་ཞི་བདེའི་མཆོད་ཁང་དུ་ཆིབས་སྒྱུར་བསྐྱངས་ཡོད་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།