༧གོང་ས་མཆོག་ནས་བོད་རིགས་རྣམས་ལ་མཇལ་ཁ་གནང་འཆར།
2015.09.29

༄༅།།བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མེ་རི་ཀའི་མངའ་སྡེ་མི་ནི་སོ་ཀྲའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་མཛད་རྒྱུ་རེད་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་རེས་ཨིན་ཡུལ་ནང་བཞུགས་ཞག་ཉིན་གྲངས་དགུ་ལྷག་རིང་མཛད་འཕྲིན་བསྐྱངས་གནང་ཁག་ལེགས་གྲུབ་ཟིན་པའི་རྗེས་སུ་ཨ་རིའི་མེ་ནི་སོ་ཀྲ་མངའ་སྡེའི་ནང་གི་Rochester གྲོང་ཁྱེར་ནང་ཡོད་Mayo སྨན་ཁང་ལ་རྒྱུན་ལྡན་ལྟར་སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་དང་སྨན་པ་རྣམས་ནས་༧གོང་ས་མཆོག་སྐུ་ངལ་གསོས་དགོས་པའི་ཞབས་སྐུལ་ཞུས་པ་བཞིན་ཟླ་བ་རྗེས་མ་སྟེ་ཕྱི་ཟླ་༡༠ནང་ཨ་རིའི་ནང་གི་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་འཆར་ཁག་ཕྱིར་འཐེན་གནང་ཡོད་པ་རེད་བོད་མིའི་སྒྲིག་འཛུགས་ཀྱི་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་ལགས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ངལ་གསོས་བཞིན་པའི་སྐབས་འདིར་གཟའ་ལྷག་པའི་ཉིན་མེ་ནི་སོ་ཀྲའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་ཁ་སྩལ་གནང་མཛད་རྒྱུ་ལས་མཛད་འཕྲིན་གཞན་མེད་སྐོར་གསུངས་པ་ཨེ་པི་གསར་ལས་ཁང་གིས་ལུང་འདྲེན་ཞུས་འདུག་ ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ནས་༧གོང་ས་མཆོག་སྐུ་གཟུགས་གསལ་ཐང་ཡིན་པ་དང་གཟའ་སྤེན་པ་སྟེ་ཕྱི་ཟླ་༡༠་པའི་ཚེས་༣ཉིན་བཞུགས་སྒར་དྷ་རམ་ས་ལར་ཕྱིར་ཆིབས་བསྒྱུར་བསྐྱངས་གནང་འཆར་ཡོད་སྐོར་འདས་མ་ཐག་པའི་གཟའ་ཉི་མའི་ཉིན་གསུངས་འདུག རྩ་བའི་༧གོང་ས་མཆོག་Minnesotaའི་Mayo སྨན་ཁང་ནང་སྐུའི་འཕྲོད་བཞེས་བརྟག་དཔྱད་ཆེད་ལོ་ལྟར་ཆིབས་བསྒྱུར་བསྐྱངས་གནང་གི་ཡོད་པའི་གནས་ཚུལ་འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།