༧གོང་ས་ཏྰ་ལའི་བླ་མ་བོད་དུ་ཕེབས་འཇུག་དགོས་པའི་འབོད་སྐུལ།
2014.03.06
རྒྱ་ནག་གི་བོད་རིཊ་དཔོན་རིགས་ཟུར་པ་ཞིག་གིས་རྒྱ་ནག་གཞུང་ལ་༧གོང་ས་ཏྰ་ལའི་བླ་མ་བོད་དུ་ཕེབས་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག
དེ་ཡང་རྒྱ་ནག་གི་རྒྱལ་ས་རུ་བཞུགས་བཞིན་པའི་ཕུན་ཚོགས་དབང་རྒྱལ་ལམ་ཕུན་དབང་གི་དེབ་གསར་པ་ཞིག་གཟའ་འཁོར་འདིའི་ནང་པར་བསྐྲུན་བྱ་རྒྱུ་ཡིན་པ་དབྱིན་ཇིའི་དུས་དེབ་ཀྱིས་གནས་ཚུལ་ཤེས་རྟོགས་བྱུང་ཡོད་ལུགས་BBCགསར་ཁང་གིས་ལུང་འདྲེན་བྱས་ཡོད་པ་དང་། གནས་ཚུལ་ནང་འཁོད་དོན། དེབ་དེའི་ནང་རྩོམ་པ་པོ་ཕུན་དབང་གིས་གཙོ་བོ་རྒྱ་ནག་དཔོན་རིགས་ཚོར་བཙན་རྒྱལ་རིང་ལུགས་ཀྱི་སེམས་ཁམས་འཛིན་རྒྱུ་མེད་པའི་ཉེན་བརྡ་བཏང་ཡོད་ཅིང་། གལ་སྲིད་དེ་འདྲའི་ལྟ་སྟངས་མུ་མཐུད་དུ་བཟུང་ཚེ་མང་ཚོགས་འདུ་འཛོམས་ཀྱི་ལས་འགུལ་མུ་མཐུད་དུ་ཡོང་ངེས་ཡིན་ཞེས་དང་། རྒྱ་ནག་གཞུང་གིས་མེ་མདའ་དང་མེ་སྒྱོགས། དངུལ་དངོས་གཅིག་པུར་བརྟེན་ནས་བོད་ནང་གི་བརྟན་ལྷིང་དང་འབྲེལ་བའི་གནད་དོན་ལ་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་མ་རེད་ཅེས་ཕུན་དབང་ཉིད་ཀྱི་གྲོགས་པོ་རྣམས་ཀྱིས་བསམ་ཚུལ་འདུག་ཅེས་ཁོང་གིས་འགྲེལ་བརྗོད་བྱས་འདུག ད་དུང་ཕུན་དབང་གི་དེབ་དེའི་ནང་གལ་སྲིད་རྒྱ་ནག་སྲིད་གཞུང་གིས་སྤྱི་ལོ་༡༩༥༩་ལོ་ནས་བཟུང་བཙན་བྱོལ་དུ་ཕེབས་པའི་༧གོང་ས་ཏཱ་ལའི་བླ་མ་བོད་དུ་ཕེབས་བཅུག་ཡོད་ན་ད་ལྟ་བར་དུ་རྒྱལ་སྤྱིའི་གནད་དོན་ཅན་ལ་གྱུར་ཏེ་ཁ་གཏད་དུ་ལངས་པའི་གནས་སྟངས་དེ་རྒྱ་ནག་རྒྱལ་ནང་གི་གནད་དོན་ཞིག་ཏུ་འགྱུར་ཐུབ་རྒྱུ་རེད་ཅེས་བཀོད་ཡོད་པ་མ་ཟད། རྒྱ་ནག་པེ་ཅིན་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཐེ་ཝན་གྱི་དཔོན་རིགས་དང་འདྲ་བའི་གཟིགས་ཚུལ་བཟུང་ནས་བོད་དུ་ཕེབས་འཇུག་པ་དང་ཕན་ཚུན་གྲོས་མོལ་གྱི་ལམ་ནས་དེ་སྔོན་ཡོད་པའི་རྙོག་དྲ་དེ་མེད་པ་བཟོ་ཐབས་ལ་འབད་བརྩོན་གནང་དགོས་ཞེས་དང་། གལ་སྲིད་༧གོང་ས་ཏཱ་ལའི་བླ་མ་སྐུ་འཚོ་བཞུགས་ཀྱི་སྐབས་སུ་འབད་བརྩོན་མ་གནང་ན་དེའི་རྗེས་སུ་གནས་སྟངས་དེ་སྡུག་ཏུ་འགྲོ་རྒྱུ་རེད་ཅེས་བཀོད་ཡོད་འདུག
རྩོམ་པ་པོ་ཕུན་ཚོགས་དབང་རྒྱལ་ལགས་ནི་དེ་སྔོན་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ལྷན་ཁང་གི་ཚོཌ་མི་ཞིག་དང་། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་རྒྱུན་ལས་ལྷན་ཁང་གི་ཚོགས་མི་བཅས་གནང་མྱོང་ཡོད་འདུག ད་ལོ་དགུང་གྲངས་༩༢་སླེབས་པ་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཡིན་འདུག
གསར་འགོད་པ་གུ་རུ་ཆོས་སྐྱིད།