༧གོང་ས་མཆོག་གི་སྐུ་པར་ཉར་མཁན་ཡར་ཞུ་བྱས་ན་རྔན་པ་སྤྲོད་རྒྱུ་མང་ཚོགས་ནང་སྐུལ་སློང་།
2019.06.07
རྒྱ་ནག་གཞུང་གིས་ནག་འཇོམས་ངན་སེལ་ཟེར་བའི་སྲིད་ཇུས་སྤེལ་བཞིན་པའི་ཁྲོད་༧གོང་ས་མཆོག་གི་སྐུ་པར་ཉར་མཁན་དང་བརྒྱུད་བསྐུར་བྱེད་མཁན་ཡར་ཞུ་བྱས་ན་རྔན་པ་སྤྲོད་རྒྱུ་སྐུལ་བཞིན་འདུག
དེང་སྐབས་རྒྱ་ནག་གཞུང་གིས་ནག་འཇོམས་ངན་སེལ་ཟེར་བའི་སྲིད་ཇུས་ཤིག་སྤེལ་བཞིན་པ་དེ་ཤུགས་ཆེར་བཏང་སྟེ་ཁམས་ཡུལ་ཤུལ་ནང་བོད་མི་སྒེར་གྱི་ཁ་པར་ནང་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱེད་མཁན་མཐོང་ནས་ཡར་ཞུ་བྱེད་མཁན་ལ་རྔན་པ་སྤྲོད་རྒྱུ་ཡིན་པ་ས་གནས་གཞུང་གི་དཔོན་རིགས་ནས་མང་ཚོགས་ནང་སྐུལ་སློང་བྱེད་བཞིན་ཡོད་འདུག
སྤྱི་ཚེས་༦ཉིན་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ཉེ་ཆར་ནས་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་ཁམས་ཡུལ་ཤུལ་ནས་ནག་འཇོམས་ངན་སེལ་ཟེར་བའི་སྲིད་ཇུས་ཤུགས་ཆེར་སྤེལ་བཞིན་པ་ལྟར་། ཡུལ་ཤུལ་ཁུལ་ཐོག་གི་སྐྱེ་རྒུ་མདོ་གྲོང་བརྡལ་དང་སྤྱི་ལེ་གསུམ་ཙམ་གྱི་ས་ན་ཡོད་པའི་རྒྱ་ནག་མ་ཎི་རྡོ་མཁར་གྱི་མ་ནིའི་བསྐོར་ལམ་དུ་ཡུལ་ཤུལ་གྲོང་ཁྱེར་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་མགོ་ཁྲིད་ཚོགས་ཆུང་གི་གཞུང་སྒྲུབ་ཁང་ཞེས་པའི་མིང་ཐོག་ནས་སྤེལ་བའི་༼ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ཡོངས་སུ་སྤེལ་ཞིང་མི་དམངས་ཀྱི་ཕན་བདེ་སྲུང་དགོས་༽ཞེས་པའི་བོད་ཡིག་དང་རྒྱ་ཡིག་ནང་སྦྱར་ཡིག་དམར་པོ་སྦྱར་ཏེ་མང་ཚོགས་ཁྲོད་རྒྱ་ནག་གི་སྲིད་ཇུས་ཤུགས་ཆེན་སྤེལ་བཞིན་པ་འགྲེལ་བརྗོད་གནང་ཡོད། ཡང་བོད་ནང་གི་བོད་མི་དེའི་མུ་མཐུད་དུ་གསུང་རྒྱུར། དེང་སྐབས་ཁོ་ཚོས་(རྒྱ་ནག་གཞུང་གི་དཔོན་རིགས་)མང་ཚོགས་ནང་བོད་མི་སྒེར་གྱི་ཁ་པར་ནང་༧གོང་ས་ཡིད་བཞིན་ནོར་བུའི་སྐུ་པར་ཉར་ཚགས་བྱས་བ་མཐོང་ན་ཁོ་ཚོར་(གཞུང་གི་དཔོན་རིགས)གནས་ཚུལ་དེ་ཡར་ཞུ་བྱོས་དང་རྔན་པ་སྤྲོད་རྒྱུ་ཞེས་བརྗོད་བཞིན་འདུག་ཅེས་དང་། དེ་བཞིན་ཡང་༧གོང་ས་ཡིད་བཞིན་ནོར་བུའི་གསུང་བཤད་ལ་ཉན་ས་དང་། ཡར་མར་ཕེབས་བཞིན་པའི་བརྙན་པར་སོགས་བརྒྱུད་སྤེལ་བྱེད་པའི་སྐད་འཕྲིན་ཚོགས་པ་མཐོང་ནའང་ཁོ་ཚོར་ཡར་ཞུ་བྱོས་དང་རྔན་པ་ཆེན་པོ་སྤྲོད་རྒྱུ་ཡིན་ཞེས་ས་གནས་རྒྱ་ནག་གཞུང་གི་དཔོན་རིགས་ནས་མང་ཚོགས་ལ་སྐུལ་སློང་བྱེད་བཞིན་པ་འགྲེལ་བརྗོད་གནང་སོང་།།
སྤྱིར་བཏང་རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༡༨་ལོ་ནས་རྒྱལ་ཡོངས་རང་བཞིན་གྱིས་བོད་ནང་ནག་ཚོགས་ངན་སེལ་དང་། ནག་འཇོམས་ངན་སེལ་སོགས་ཀྱི་མིང་བཏགས་ནས་དམ་དྲག་གི་སྲིད་ཇུས་འདྲ་མིན་སྤེལ་བཞིན་པ་རེད།