༧གོང་ས་མཆོག་གིས་ཧྥེ་ལིབ་པིན་སིའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཞབས་མར་ཁོ་སི་(Ferdinand Marcos Jr)་ལགས་ཀྱིས་ཧྥེ་ལིབ་པིན་སིའི་(Philippines)་སྲིད་འཛིན་གྱི་ཐུགས་འགན་བཞེས་བར་འཚམས་འདྲི་མཛད་པ་དང་མཉམ་གསུང་འཕྲིན་ནང་བཀོད་དོན། ཁྱེད་ཀྱིས་ཧྥེ་ལིབ་པིན་སིའི་མི་མང་སྤྱི་དང་། ལྷག་དོན་དུ་དམིགས་བསལ་ཁེ་ཕན་ཞན་པའི་མི་མང་རྣམས་ཀྱི་རེ་བ་དང་མངོན་འདོད་ཁག་སྒྲུབ་པའི་སྐབས་སུ་དཀའ་ངལ་གང་འདྲ་ཞིག་འཕྲད་ན་ཡང་ཚང་མ་སྒྲུབ་ཐུབ་པའི་སྨོན་ལམ་སྐྱོན་གྱི་ཡིན། ཁྱེད་ཀྱིས་མཁྱེན་གསལ་ལྟར། ངོས་རང་ཧྥེ་ལིབ་པིན་སིའི་མི་མང་དང་དམིགས་བསལ་གྱི་མཛའ་འབྲེལ་ཡོད། ཕྱི་ལོ་༡༩༥༩ལོར་ངོས་རང་བོད་ནས་བཙན་བྱོལ་དུ་འབྱོར་བའི་རྗེས་སུ། ངོས་ལ་ཧྥེ་ལིབ་པིན་སི་ཡིས་(Ramon Magsasay Award)་གཟེངས་རྟགས་གནང་སྟེ་རྒྱབ་སྐྱོར་དང་། ཆིག་སྒྲིལ་རང་བཞིན་གྱི་ཚོར་བ་བཏོན་པར་དགའ་ཚོར་ཆེན་པོ་བྱུང་། ཁྱེད་སྙན་གྲགས་ཅན་གྱི་དབུ་ཁྲིད་རྣམ་པའི་མཚན་ཐོག་གི་གཟེངས་རྟགས་དེའི་བློ་སྟོབས་དང་ཆོད་སེམས་སོགས་ཀྱི་དམིགས་ཡུལ་དང་མཐུན་པའི་ངང་ངོས་ཀྱིས་གཞན་ཕན་གྱི་ལས་ལ་འབད་བརྩོན་རྒྱུན་བསྲིང་ནས་བྱེད་ཀྱི་ཡོད་སྐོར་བཀའ་གནང་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཐའ་དོན་དུ། ངོས་ནས་འཚེ་མེད་ཞི་བ་དང་སྙིང་རྗེ་ལག་ལེན་བསྟར་དགོས་པའི་བློ་སྟོབས་སྤེལ་གནང་གི་ཡོད་པ་དང་། དེ་ནི་ང་ཚོའི་མི་ཚེའི་མངོན་འདོད་དང་རིག་གཞུང་ཡང་ཡིན། དོན་དམ་དུ་ང་ཚོ་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པའི་སེམས་ཚོར་གཏིང་ཟབ་ཡོད་པའི་ཐོག་ནས་ང་ཚོའི་ཆེད་གྲོགས་ཕོ་མོ་རྣམས་སྤྱི་ཡོངས་བདེ་ཐང་ལ་ལེགས་སྐྱེས་ཕུལ་རྒྱུའི་འདོད་པ་ཡོད་པ་མི་སུ་ཞིག་ཡིན་རུང་འཚེ་མེད་ཞི་བ་དང་། སྙིང་རྗེ་ལག་ལེན་བསྟར་ཐུབ་རྒྱུ་ཡིན་སྐོར་ཡང་བཀའ་བསྩལ་གནང་མཛད་འདུག
ཉེ་ལམ་ཕྱི་ཟླ་༥བའི་ཚེས་༩ཉིན་ཧྥེ་ལིབ་པིན་སི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་ཁྲོད་མར་ཁོ་སི་ལ་མཆོག་ལ་འོས་གྲངས་ས་ཡ་༣༡ལྷག་ཐོབ་ནས་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པ་དང་། ཟླ་༦པའི་ཚེས་༣༠ཉིན་སྲིད་འཛིན་གྱི་ལས་འཁུར་དམ་བཅའ་ཕུལ་ཡོད་པ་རེད།།
གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།