༧གོང་ས་མཆོག་ཨོ་རན་ཅི་རྫོང་སྡེར་ཞབས་སོར་བདེ་བར་འཁོད་འདུག
2017.06.19

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ལི་ཧྥོར་ནེ་ཡའི་སེན་ཊེཡ་གྷོ་( San Diego)་གཙུག་ལག་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་པའི་དགའ་སྟོན་མཛད་སྒོའི་སྐུ་མགྲོན་གཙོ་བོའི་བཀའ་སློབ་བསྩལ་བ་སོགས་མཛད་རིམ་ཁག་ལེགས་པར་འགྲུབ་ནས་འདི་ཚེས་༡༩་ཉིན་ཨོ་རན་ཅི་(orange county)རྫོང་སྡེར་ཞབས་སོར་བདེ་བར་འཁོད་སྐབས་(Anaheim city)་གྲོང་ཁྱེར་སྤྱི་ཁྱབ་ཀྱི་གཙོས་གནད་ཡོད་མི་སྣ་ཚོས་ཕེབས་བསུ་གནང་འདུག
དེ་ཡང་ཕྱི་ཚེས་༡༧་རེས་གཟའ་སྤེན་པའི་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སེན་ཊེཡ་གྷོ་( San Diego)་གཙུག་ལག་སློབ་གྲྭ་ཆེན་མོའི་བསླབ་པ་མཐར་སོན་པའི་སློབ་ཕྲུག་སོགས་ཁྱོན་མི་གྲངས་ཁྲི་ཚོ་བརྒལ་བར་བཀའ་སློབ་གནང་བའི་ནང་། གཞོན་སྐྱེས་ཁྱེད་རང་ཚོ་འགྲོ་བ་མི་སྡེའི་སྤྱི་ཚོགས་ཀྱི་ཕུགས་འདུན་ཡིན། ད་ལྟ་དུས་རབས་༢༡་འགོ་སྟོད་སྐབས་འདིར་ཁྱེད་ཚོར་འཛམ་གླིང་ནང་དབུལ་ཕྱུག་བར་ཁྱད་ཉུང་དུ་གཏོང་རྒྱུ་དང་། དམག་འཁྲུག་གི་འཇིགས་སྣང་སོགས་དཀའ་ངལ་དེ་དག་སེལ་ནས་བདེ་ཞིང་སྐྱིད་པའི་འཛམ་གླིང་ཞིག་སྐྲུན་རྒྱུའི་གོ་སྐབས་བཟང་པོ་ཡོད། ང་ཚོ་རྒན་པ་ཚོ་དེའི་བར་གསོན་ཐུབ་རྒྱུ་ཁག་པོ་རེད། འགྲོ་བ་མི་ནི་སྤྱི་ཚོགས་ལ་ཧ་ཅང་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཡིན། དེང་སྐབས་གོ་ལའི་གནམ་གཤིས་ཀྱི་འཇིགས་པ་དེ་ང་ཚོ་ཐོུང་གི་དཀའ་ངལ་ཞིག་ཆགས་ཡོད། རང་བཞིན་འབྱུང་བའི་འཇིགས་པ་དེ་རིགས་ཀྱིས་ང་ཚོར་མཉམ་རུབ་ཀྱི་འབད་བརྩོན་ཐོག་ནས་ཐོུང་གི་དམིགས་ཡུལ་སྒྲུབ་དགོས་པའི་སློབ་གསོ་གཏོང་བཞིན་ཡོད། གལ་ཏེ་དུས་རབས་འདིའི་ནང་འཛམ་གླིང་བདེ་ཞིང་སྐྱིད་པ་ཞིག་དགོས་ན། མིའི་བསམ་བློའི་ནང་ཞི་བདེ་གོང་སྤེལ་བཏང་བ་བརྒྱུད་ནས་བསྐྲུན་ཐུབ་རྒྱུ་ལས་གོ་མཚོན་ཡར་རྒྱས་བཏང་ནས་བདེ་སྐྱིད་སྒྲུབ་ཐབས་མེད། ཁྱེད་ཚོས་བརྩོན་པ་ཆེན་པོས་སློབ་སྦྱོང་བྱས་འབྲས་སུ་དེ་རིང་དེར་བསླབ་པ་མཐར་སོན་གྱི་ལག་འཁྱེར་ཐོབ་པ་རེད། དེར་བརྟེན་ངོས་ཀྱིས་ཁྱེད་ཚོར་འཚམས་འདྲི་ཞུ་གི་ཡིན། ད་ཆ་ཤེས་ཡོན་གང་སྦྱང་པ་དེ་དག་གཞན་ལ་རྙོག་དྲ་བཟོ་གཞི་ཞིག་ཏུ་མ་སོང་བར་ཞི་བདེ་སྐྲུན་རྒྱུར་ཞབས་འདེགས་སྒྲུབ་ཐུབ་པ་བྱེད་དགོས། དེ་ནི་གཙོ་བོ་ནང་གི་བསམ་བློ་དེ་བྱམས་བརྩེས་ཟིན་པའི་ཐོག་ནས་ཆོད་སེམས་དང་། བཟང་ཕྱོགས་ཀྱི་རེ་བར་གཞི་བཅོལ་ནས་རང་གིས་རང་ལ་གདེང་ཚོད་དགོས། གཞན་གྱི་བདེ་སྡུག་ལ་སེམས་ཁུར་བྱ་རྒྱུའི་བྱམས་བརྩེའི་ཚོར་བ་དེས་རང་ལ་སྙིང་སྟོབས་སྤེལ་བཞིན་པ་ངོས་ཀྱིས་ཉམས་མྱོང་ཐོག་ནས་བརྗོད་ཐུབ། ཕྱོགས་མཚུངས་དེ་རིང་ཁྱེད་ཚོ་བསླབ་པ་མཐར་སོན་པ་འདི་ཕྱོགས་གཅིག་ནས་དགེ་རྒན་རྣམ་པའི་སྐུ་ལས་སྐྱོན་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་རེད་ཅེས་སོགས་བཀའ་སློབ་སྩལ་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སེན་ཌི་ཡེགྷོའོ་ཁུལ་གྱི་མཛད་འཕྲིན་ཁག་རེས་གཟའ་ཉི་མའི་ཉིན་ལེགས་གྲུབ་བྱུང་རྗེས་ཕྱི་ཚེས་༡༩་སྔ་དྲོ་ཨོ་རན་ཅི་རྫོང་ནང་དུ་ཆིབས་ཞལ་བསྒྱུར་གནང་གིས་མཛད་འཕྲིན་སྐྱོང་བཞིན་པ་རེད།
གསར་འགོད་པ་དབྱངས་སྒྲོན།