༧གོང་ས་མཆོག་རྒྱ་གར་གྱི་མངའ་སྡེ་ཨོ་ཌི་སའི་རྒྱལ་སར་ཞབས་སོར་བདེ་བར་འཁོད་འདུག
2017.11.20

༧གོང་ས་མཆོག་རྒྱ་གར་གྱི་མངའ་སྡེ་ཨོ་ཌི་སའི་(Odisha)་རྒྱལ་སར་ཞབས་སོར་འཁོད་གནང་མཛད་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་ཕེབས་སུའི་སྣེ་ལེན་གནང་འདུག
ད་ལྟ་རང་གནས་ཚུལ་ཐོན་པར་གཞིགས་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་མངའ་སྡེ་ཨོ་ཌི་སའི་(Odisha)མངའ་སྡེའི་རྒྱལ་ས་(Bhubhaneswar)་ནང་ཞབས་སོར་བདེ་བར་འཁོད་གནང་མཛད་སྐབས། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་(Naveen་Patnaik)་མཆོག་དང་། མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་(Ashok Chandra Panda)་མཆོག་དབུས་པའི་ཆེས་མཐོའི་མི་སྣ་ཁག་གིས་གནམ་ཐང་ནས་གུས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་པ་མ་ཟད། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་གཞུང་འབྲེལ་གཟིམ་ཤག་ལ་གདན་འདྲེན་ཞུས་ནས་དབུ་ཁྲིད་རྣམ་གཉིས་དབར་དེང་སྐབས་ཀྱི་གལ་ཆེའི་གནད་དོན་ཁག་གི་སྐོར་བཀའ་བསྡུར་གནང་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་དོན་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་མངའ་སྡེ་ཨོ་ཌི་སའི་ནང་རྟེན་གཞི་བྱས་པའི་ཀ་ལིངྒ་སྤྱི་ཚོགས་ཚན་རིག་བསྟི་གནས་ཁང་ངམ་(Kalinga Institute of Social Sciences)་གིས་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཟེངས་ཐེངས་༡༠་པ་སྟེ་(10th KISS Humanitarian Awards)་ཞེས་པ་དེ་ཕྱི་ཚེས་༢༡་ཉིན་འབུལ་ལམ་ཞུ་གཏན་འཁེལ་ཡོད་པ་མ་ཟད། སྐབས་དེར་༧གོང་ས་མཆོག་གིས་བསྟི་གནས་ཁང་གི་གདོད་མའི་མི་རིགས་ཀྱི་སློབ་ཕྲུག་༢༧༠༠༠་བརྒལ་བར་བཀའ་སློབ་སྩལ་གནང་མཛད་འཆར་འདུག
ཀ་ལིངྒ་སྤྱི་ཚོགས་ཚན་རིག་བསྟི་གནས་ཁང་གི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གཟེངས་དེ་ནི་ཐོག་མར་ཕྱི་ལོ་༢༠༠༨་ལོར་ཐོག་མར་གསར་འཛུགས་གནང་ནས། ད་བར་འཛམ་གླིང་ནང་འགྲོ་བ་མིའི་བཟང་སྤྱོད་ཐོག་ཐུགས་འགན་བཞེས་མཁན་གཟེངས་སུ་ཐོན་པའི་བྱས་རྗེས་འཇོག་མཁན་རྣམས་ལ་འབུལ་སྲོལ་ཡོད་པ་ཞིག་ཡིན་པ་དང་། གཟེངས་རྟགས་དེ་གསར་བཟོ་མཁན་བསྟི་གནས་ཁང་གི་འགན་འཛིན་འབུམ་རམ་པ་(Achyuta་Samata)མཆོག་ཡིན་པ་དང་། ད་བར་གཟེངས་རྟགས་དེ་བཞེས་མཁན་ཁོངས་སུ་(Mauritius)་ཡུལ་གྱི་སྲིད་འཛིན་(Sir Anerood Jugnauth)་མཆོག་དང་འབྲུག་ཡུལ་གྱི་སྲིད་བློན་འཇིག་མེད་འཕྲིན་ལས་མཆོག་སོགས་ཡོད་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༩་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་གི་ཆིབས་བསྒྱུར་མཛད་འཕྲིན་ཁག་ལེགས་གྲུབ་ཟིན་པའི་རྗེས། ཨོས་ཀྲེ་ལི་ཡ་ནས་ཆེད་བཅར་ཞུས་པའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་གནམ་ཐང་ནས་མཇལ་ཁ་དང་བཀའ་སློབ་གནང་སྐབས། བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་ད་ཆ་༧མགོན་པོ་གང་ཉིད་ཆོས་ཕྱོགས་ཁོ་ན་ལས་ཆབ་སྲིད་ཀྱི་༧སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་ལ་ཕྱི་ལོ་༢༠༠༡་ནས་ཕྱེད་རྒན་ཡོལ་གྱི་ཚུལ་དང་། དེ་ནས་ཕྱི་ལོ་༢༠༡༡་ལོར་རྒན་ཡོལ་ཆ་ཚང་ཞུས་གནང་མཛད་དེ་ལོ་ངོ་བརྒྱ་ཕྲག་རིང་ནས་ཏཱ་ལའི་བླ་མས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཀྱི་ལམ་སྲོལ་དེ་དགའ་ཞིང་སྤྲོ་བཞིན་ཐུགས་སྤོབས་དང་བཅས་མཇུག་སྒྲིལ་མཛད་སྐོར་བཀའ་གནང་འདུག་ལ། དེབཞིན་འཛམ་གླིང་ནང་གི་རྩོད་རྙོག་ཁག་འཚེ་མེད་ཞི་བ་དང་གྲོས་མོལ་ལམ་ནས་སེལ་ཐབས་ཆེད་འབད་བརྩོན་གནང་གལ་ཆེ་བའི་སྐོར་དང་། དུས་རབས་༢༡་ནང་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་གཞི་བཞག་ནས་དངོས་ཡོད་གནས་ཚུལ་དང་མཐུན་པའི་ལངས་ཕྱོགས་རྩ་འཛིན་ཐོག་འགྲོ་དགོས་པའི་དུས་ཀྱི་དགོས་མཁོ་ཆགས་ཡོད་ལ་དེ་བཞིན་གོ་ལའི་ཁོར་ཡུག་ཐོག་ནས་ཉེ་དུས་ཨ་རིའི་སྲིད་འཛིན་(Trump)མཆོག་གི་དབུ་ཁྲིད་འོག་པེ་རི་སི་གོ་ལ་སྲུང་སྐྱོབ་ལྷན་ཚོགས་ཐོག་བཞག་པའི་གན་རྒྱའི་འབྲུ་དོན་ལ་བརྩི་མེད་བྱ་རྒྱུའི་ལངས་ཕྱོགས་དེར་ཐུགས་འཚབ་ཧ་ཅང་ཆེན་པོ་ཡོད་སྐོར་བཀའ་སྩལ་འདུག
སྐབས་དེར་ཨོས་ཀྲེ་ལི་ཡའི་གྲོས་ཚོགས་གོང་མའི་འཐུས་མི་(Derryn Hinch)་མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་(Kevin Andrews)མཆོག (Kimberly Kitching)མཆོག་དང་། (Meryl Jane Swanson)་བཅས་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།