༸གོང་ས་མཆོག་གིས་སྔགས་རམས་དགེ་བཤེས་མ་ ༡༠ ལ་མཇལ་ཁ་བསྩལ་བ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། རླབས་ཆེན་གྱི་མཛད་འཕྲིན་དང་ཐུགས་ཀྱི་དགོངས་པ་བཞིན། ལོ་རྒྱུས་ཐོག་ནས་བོད་རྒྱུད་ནང་བསྟན་གྱི་ནང་ཆེས་ཐོག་མའི་དགེ་བཤེས་མ་ཐོན་པའི་སྲོལ་དེ་བྱུང་ཡོད་པ་མ་ཟད། གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་གསང་སྔགས་ཀྱི་གཞུང་ལ་སློབ་གཉེར་མཛད་དེ་སྔགས་རམས་དགེ་བཤེས་མ་ཐོན་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་ཀྱང་བྱུང་ཡོད་པ་རེད། འདི་ཚེས་ ༦ ཉིན་གྱི་སྔ་དྲོ། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༢༠༢༣ ལོའི་ལོ་མཇུག་ཏུ་ཐོན་པའི་སྔགས་རམས་དགེ་བཤེས་མ་ ༡༠ ལ་མཇལ་ཁ་བསྩལ་འདུག
རྒྱ་གར་བྱང་ཕྱོགས་ལ་དྭགས་ནས་ཡིན་པའི་སྔགས་རམས་དགེ་བཤེས་མ་ཐུབ་བསྟན་སྒྲོལ་དཀར་ལགས་ནི། འདས་པའི་མི་ལོ་ ༢༤ རིང་ནང་པའི་གཞུང་ལུགས་ལ་སློབ་གཉེར་གནང་སྟེ། མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱས་པའི་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་སློབ་གཉེར་གནང་མུས་ཡིན་འདུག་ཅིང་། ཁོང་མོས། ༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། ནང་པའི་གཞུང་ཆེན་ཁག་ལ་སློབ་གཉེར་བྱེད་རྒྱུའི་གོ་སྐབས་ཐོབ་པ་ནི་བསོད་ནམས་ཆེན་པོ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ད་རེས་མཇལ་ཁའི་སྐབས་བལ་ཡུལ་ཀོ་པཎ་བཙུན་དགོན་ནས་སྔགས་རམས་དགེ་བཤེས་མ་བཞི་དང་། མོན་གྷོ་བྱང་ཆུབ་ཆོས་གླིང་གི་སྔགས་རམས་དགེ་བཤེས་མ་བཞི། དེ་བཞིན་རྡ་ས་དགེ་ལྡན་ཆོས་གླིང་གི་སྔགས་རམས་དགེ་བཤེས་མ་ ༢ བཅས་ཡོད་འདུག་ཅིང་། བཙུན་མའི་ལས་འཆར་འགན་འཛིན་སྣང་ས་ཆོས་སྒྲོན་ལགས་ཀྱིས། ཕྱི་ལོ་ ༢༠༡༦ ནས་ ༢༠༢༣ ལོའི་ལོ་མཇུག་བར་ཁྱོན་དགེ་བཤེས་མ་ ༦༠ ཐོན་ཟིན་ཡོད་པ་དང་། མ་འོངས་པར་ལོ་གཉིས་ཀྱི་རྗེས་ལ། དགེ་བཤེས་མའི་ཁ་གྲངས་དེ་ལས་མང་བ་ཡོང་གི་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དགེ་བཤེས་མ་བསྟན་འཛིན་ལྷ་སྒྲོན་ལགས་ནི། ལོ་རྒྱུས་རང་བཞིན་གྱི་དགེ་བཤེས་མའི་སློབ་ཐོན་དང་པོའི་སྐབས་ཕྱག་འཁྱེར་བཞེས་མཁན་གྲས་ཤིག་ཡིན་པ་དང་། ད་ལྟའི་ཆར་དགེ་བཤེས་མ་རྒྱུགས་སྤྲོད་ཚོགས་ཆུང་གི་ཚོགས་མི་ཡང་ཡིན་འདུག་ཅིང་། བཙུན་མ་ཚོས་ནང་པའི་གཞུང་ལུགས་ཁག་སློབ་གཉེར་བྱས་པའི་རྗེས་འབྲས་སུ། གཞན་ཕན་ཙམ་མིན་པར། རང་ཉིད་ཀྱི་སེམས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་ཕན་ཐོགས་བྱུང་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ཆ་ནས་བཙན་བྱོལ་དུ་བཙུན་མའི་ལས་འཆར་དེ་ནི་༸གོང་ས་མཆོག་གི་བཀའ་དགོངས་བཞིན། ཕྱི་ལོ་ ༡༩༨༧ ལོར་ཐོག་མར་མགོ་བཙུགས་གནང་སྟེ། ད་བར་བཙུན་མ་ཚོའི་ཤེས་ཡོན་གྱི་ཐོག་དམིགས་བསལ་ཤུགས་ནུས་བརྒྱབས་དང་རྒྱག་མུས་ཡིན་འདུག་ཅིང་། ད་ལྟའི་ཆར་ལས་འཆར་དེའི་འོག་བཙུན་དགོན་ཆེ་ཁག་བདུན་གྱི་ནང་ཁྱོན་བཙུན་མ་ ༨༠༠ ལྷག་ལ་སློབ་ཡོན་དང་འཚོ་སྣོན་གྱི་རོགས་སྐྱོར་གནང་མུས་ཡིན་འདུག་ལ། ད་སྐབས་ཧི་མ་ལའི་རི་རྒྱུད་ནས་བཙུན་དགོན་ཁག་ནང་འཛུལ་བཞུགས་བྱེད་མཁན་ཡང་ཇེ་མང་དུ་འགྲོ་མུས་ཡིན་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།